གནའ་དཔེའི་ཐེམ་བྱང་།

2019-04-01
282

ཐེམ་བྱང་ཞེས་པ་ནི་སྤྱིར་ཡི་གེ་རང་གི་དག་ཆའི་ཐོག་ནས་འགྲེལ་ན། ཐེམ་ཞེས་པ་ནི་སྒོ་ཡི་ཐེམ་པ་དང་། བྱང་ཞེས་པ་ནི་དེ་དག་ལ་ཁ་ཡིག་བྲིས་ནས་བཞག་པ་ལ་ཐེམ་བྱང་ཟེར། དེས་ན་ཐོག་མར་ཐེམ་བྱང་ཞེས་པའི་ཚིག་འདི་དུས་ཚོད་ནམ་ཞིག་ལ་བྱུང་བའི་ཚིག་ཡིན་ནམ་ཞེ་ན། དེ་ནི་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བྱུང་བའི་ཚིག་ཅིག་ཡིན་ཞིང་། ཐེམ་བྱང་དང་ཐེམ་སྤངས་མ། ཐེང་དཔང་མ་སོགས་སྔོན་འབྲི་སྲོལ་ཁག་མི་འདྲ་བ་བྱུང་ཡོད།

        དཀར་ཆག་ཇི་ལྟར་བསྒྲིགས་པའི་ཚུལ་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་གསུང་ལ་ཁུངས་བཅོལ་ཏེ་ཞུས་ན།  བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་མུ་ནེ་བཙན་པོའམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཆོས་ཀྱི་སྙིང་པོ་དང་། དེ་བེནྲེའ་རཀྴ་ཏ་དཔལ་གྱི་ལྷུན་པོ་སོགས་ཀྱིས་སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམ་པས་བསྒྱུར་བ་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ་ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། ཚིག་རྐང་བཞི་ལ་ཤོ་ལོ་ཀ་གཅིག  ཤོ་ལོ་ཀ་སུམ་བརྒྱ་ལ་སོགས་པ་ལ་བམ་པོ་རེ་རེའི་ཚད་དུ་བྱས་ཏེ། དེས་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་མཚན་དང་ལེའུ་གང་ཡོད་བཀོད། ཆོས་ཚན་དེ་དང་དེ་ལ་བམ་ཚད་དང་ཤོ་ལོ་ཀ་དེ་དང་དེ་ཡོད་དོ་ཞེས་ཞིབ་པར་གཏན་ལ་ཕབ་ནས་ཐེམ་བྱང་དུ་བཀོད་པ་ལ་དཀར་ཆག་འཕང་ཐང་མར་གྲགས་པ་ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཞུགས་པ་དེ་གངས་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཞུགས་པ་དེ་གངས་ལྗོངས་སུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གླེགས་བམ་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན་པར་གསུངས། 

        དེའི་རྗེས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་རཀིཏ། འཁོན་ནཱ་གེནྲ་རཀིཏ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གི་གཙུག་ལག་ཁང་ཆེན་མོར་བཞུགས་པའི་གསུང་རབ་ཞུས་ཆེན་མཛད་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཐེམ་བྱང་དུ་བཏབ་པ་ལ་དཀར་ཆག་ལྡན་དཀར་མ་གྲགས། དེའི་རྗེས་སུ་བཙན་པོ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་གྱི་སྐུ་རིང་ལ། ཕོ་བྲང་ཆེན་པོ་སྨད་འོན་ཅང་རྡོ་ན་བཞུགས་པའི་ཚེ། ཉི་འོག་གི་མཁན་པོ་ཨཱཙརྱ་ཛི་ན་མི་ཏྲ་དང་སུ་རིནྲ་པོ་དྷི། ཤཱ་ལེནྲ་བོ་དྷི། ཤཱ་ལེནྲ་བོ་དྷི། དཱ་ན་ཤཱི་ལ། བོ་དྷེ་མི་ཏྲ་རྣམས་དང་བོད་ཀྱི་མཁན་པོ་རཏྣ་རཀི་ཏ་དང་དྷརྨ་ཏཱ་ཤཱི་ལ། ལོ་ཙཱ་བ་མཁས་པར་ཚུད་པ་ཛྙཱ་ན་སེ་ན། ཛ་ཡ་རཀིཏ། མཉྫུ་ཤཱི་ཝ་རྨ། རཏྣ་ནྲ་ཤི་སོགས་ལོ་པཎ་གདན་འཛོམས་རྣམས་ལ་རྒྱལ་པོའི་བཀས་སྔོན་ནི་ཡབ་མེས་སྐུ་དྲིན་ཅན་རྣམས་ཀྱི་སྐུ་དུས་སུ་བསྒྱུར་བའི་ཐེག་པ་ཆེ་ཆུང་གི་གསུང་རབ་རྣམས་རྒྱ་སྐད་ལས་བོད་དུ་བསྒྱུར་བའི་ཚེ་བོད་སྐད་ལ་གྲགས་པའི་བརྡ་དང་། ཚིག་དོན་མ་མཇལ་བ། འདོད་རྒྱལ་བཙན་བཏགས་ཀྱི་་མིང་ཡང་མང་དུ་ཡོད་གཤིས། དེ་དག་ཐམས་ཅད་ལེགས་པར་བསལ་ཏེ་ཚིག་དོན་ལེགས་པར་ངོ་འཕྲོད་པའི་བརྡ་གསར་པས་བསྒྱུར་བཅོས་གཅེས་སོ་བགྱི་ཞིང་།  སྔར་མ་བསྒྱུར་བ་ཡང་མང་དག་མཆིས་པ་རྣམས་གསར་དུ་བསྒྱུར་ལ། ཇི་ལྟར་བསྒྱུར་བ་ཐམས་ཅད་ཐེམ་བྱང་དུ་བཀོད་དེ་ནམ་དུ་ཡང་གཞུང་ལུགས་དེ་དག་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བ་བགྱིས་ཤིག་ཅེས་བཀའ་བསྩལ་བ་ལ་བརྟེན་ནས་འོན་ཅང་རྡོ་གུ་སྟེག་མར་སྔོན་གྱི་ལོ་པཎ་རྣམས་ཀྱིས་ཆོས་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་གཞུང་དང་བྱཱ་ཀ་ར་ནའི་གཞུང་དང་མི་མཐུན་ཏེ་མི་བཅོས་སུ་མི་རུང་བ་རྣམས་ཀྱང་གསར་དུ་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་སྤྱི་དང་བྱེ་བྲག་སོ་སོའི་དབང་གིས་ཇི་ལྟར་འབྱུང་བ་དང་། སྔོན་གྱི་སློབ་དཔོན་ཆེན་མོ་ན་ག་རྫུ་ན་དང་བ་སུ་བནྷུ་ལ་སོགས་པས་ཚིག་དོན་གང་དང་གང་ལ་ཚུལ་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ན་དང་སྒྲའི་གཞུང་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ།  ཚིག་དོན་མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པས་བཤད་པ་འཚལ་བ་སྒྲ་ཇི་བཞིན་དུ་བསྒྱུར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདམས་པར་འོས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས་ལོ་པཎ་རྣམས་ཀྱིས། རྗེ་བློན་རྣམས་དང་པཎྜི་ཏ་ཆེན་པོ་ཡོན་ཏན་དང་ཏིང་ངེ་འཛིན་ལ་སོགས་པ་གདན་འཛོམས་པའི་སྤྱན་སྔར་ཞུས་གཏུགས་ཡང་དག་པའི་སྒོ་ནས་ཆོས་བསྒྱུར་བའི་ཐབས་དང་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་ཞིབ་པར་གཏན་ལ་ཕབ་སྟེ་སྐད་གསར་བཅད་ཀྱིས་བཅོས་ཤིང་བཀས་བཅད་པ་ཐམས་ཅད་ཐེམ་བྱང་དུ་བྲིས་སོ། 

      དཀར་ཆག་ཆེན་མོ་དེ་དག་མཛད་པའི་སྐབས་སུ་གསང་སྔགས་ནང་གི་རྒྱུད་སྡེ་སེམས་ཀློང་མན་ངག་གི་སྡེ་གསུམ་དང་ཏནྲ་ཆེན་པོ་བརྒྱད། སྒྲུབ་ཆེན་བཀའ་བརྒྱད་སྤྱི་བྱེ་བྲག་ཐམས་ཅད་ཆེས་མཉན་པ་དང་གངས་སྔགས་ཀྱི་ཉམས་ལེན་ཐམས་ཅད་གསང་ནས་སྤྱོད་པ་ཉིད་ཡིན་པ་སོགས་དགོས་ཆེད་དུ་མའི་དབང་གིས་ཡོངས་གྲགས་ཐེམ་བྱང་དུ་མ་བཏབ་པ་གཏོགས།  གསང་སྔགས་རྙིང་མའི་ཆོས་རྣམས་ལ་སྐྱོན་ཡོད་པ་དང་གསུང་བ་པོ་སངས་རྒྱས་མིན་པ་དང་ལོག་པའི་ཆོས་ཡིན་པའི་དབང་གིས་མ་ཡིནཔར་ངེས་ཤེས་འདྲོངས་པ་ཤིན་ཏུ་གལ་ཆེ་བས་ཆོས་སྤོང་གི་ལས་ལ་ཕྲ་ཞིང་ལྕི་བ་གཞན་མེད་པར་དགོངས་ཏེ་དོགས་ཟོན་མཛད་པར་ཞུ་ཞེས་དང་། བསྟན་པ་ཕྱི་དར་གྱི་དུས་སུ་སྔར་གྱི་བསྒྱུར་ཟིན་པའི་སྟེང་དུ་སྤྲུལ་བའི་ལོ་པཎ་ཚད་ལྡན་མང་དུ་བྱོན་ཏེ་མདོ་དང་རྒྱུད་སྡེ་མང་དུ་བསྒྱུར་ཅིང་བསྣན་པར་མཛད་ཀྱང་ཕྱོགས་གཅིག་ཏུ་བསྡུས་ཏེ་ཐེམ་བྱང་དུ་བཀོད་པ་རེ་ཞིག་མ་བྱུང་བར་སྣང་ངོ་། དེ་ནས་ཡུན་རིང་ཙམ་ལོན་པའི་ཚེ་མཁས་པ་ཆེན་པོ་བཅོམ་ལྡན་རིགས་པའི་རལ་གྲིའི་སློབ་མ་འཇམ་གག་པཀྴིས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་ནས་མཐུན་རྐྱེན་མང་དུ་བསྐུར་ཏེ་བཀའ་འགྱུར་བཞེངས་པར་གསོལ་བ་ལ་བརྟེན་ནས།  དབུས་པ་བློ་གསལ་སངས་རྒྱས་འབུམ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་སོགས་མཁས་པ་མང་པོས་སྒོ་བསྟུན་ཏེ་གོང་དུ་བཤད་པའི་འདུལ་བ་དང་ཤེར་ཕྱོགས། དཀོན་བརྩེགས། མདོ་མང་། རྒྱད་འབུམ་རྣམས་སོ་སོར་རྣམས་ལས་ཁུངས་གང་བཙུན་ཞུས་དག་གང་ཐོན་རྣམས་ལ་མ་ཕྱི་བྱས་ཤིང་ཧོར་ཁོངས་རྣམས་གསལ་གང་ཐུབ་ཀྱི་སྒོ་ནས།  དཔལ་སྣར་ཐང་གི་གཙུག་ལག་ཁང་ཆེན་མོར་གསར་བཞེངས་མཛད་དེ་བཅོམ་ལྡན་རིགས་པའི་རལ་གྲི་མཆོག་གིས་བཀའ་འགྱུར་གྱི་དཀར་ཆག་ཉི་མའི་འོད་ཟེར་གསར་རྩོམ་གནང་སྟེ་ཐེམ་བྱང་དུ་ལེགས་པ་བཏབ་བོ། དེའི་རྗེས་སུ་ཚལ་པ་ཁྲི་དཔོན་སྨོན་ལམ་རྡོ་རྗེའི་རིགས་སྲས་ཆེ་བ་ཀུན་དགའ་རྡོ་རྗེ་ཞེས་པ་འདི་ཉིད། ཕྱིས་སུ་རབ་ཏུ་བྱུང་བའི་མཚན་དྲུང་ཆེན་སི་ཏུ་ཐམས་ཅད་མཁྱེན་པར་གྲགས་པ་དགེ་བའི་བློ་གྲོས་ཀྱིས་མཐུན་རྐྱེན་ཡོ་བྱད་ཀྱི་སྒོ་འཕར་ཕྱེ་སྟེ། སྣར་ཐང་བཀའ་འགྱུར་ལ་མ་ཕྱི་གཙོ་བོར་བྱས་ཤིང་གོས་གསལ་གྱི་གཞུང་མང་པོ་དང་ཡང་བསྟུན་ཏེ། ཚལ་གུང་ཐང་གི་གཙུག་ལག་ཁང་དུ་བཞེངས་པ་ལ་ཚལ་པ་བཀའ་འགྱུར་ཞེས་གྲགས་སོ། དེ་ཉིད་ལ་གཞོན་ཚུལ་ཤཱཀྱ་རྒྱལ་མཚན་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། ཞྭ་དམར་ཐམས་ཅད་མཁྱེན་པ་བཞི་པ། སྤྱན་སྔ་ཆོས་ཀྱི་གྲགས་པ། འགོས་ལོ་གཞོན་ནུ་དཔལ་བ་སོགས་མཁས་པ་མང་པོས་ལེགས་པར་བརྟག་ཤིང་དཔྱད་ནས་ཞུས་དག་ཕྲ་ཞིང་མཛད་དེ་བོད་ཡུལ་དུ་འགྲན་ཟླ་དང་བྲལ་བའི་ཁུངས་ཐུབ་ཀྱི་ཕྱི་མོ་དམ་པར་གྱུར་ཏེ་འཕྱིང་བ་སྟག་རྩེའི་ཕོ་བྲང་དུ་བཞུགས། དེ་རྗེས་སྤྱི་ལོ1323ལོར་ཚལ་པ་ཀུན་དགའ་རྡོ་རྗེས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱི་དཀར་ཆག་དེབ་ཐེར་དཀར་པོ་ཞེས་པ་མཛད།  དེ་ནས་སྤྱི་ལོ1431ལོར་རྒྱལ་མཁར་རྩེ་བ་ནང་ཆེན་ཀུན་དགའ་འཕགས་ཀྱི་སྲས་རྒྱལ་རྩེ་བདག་པོ་རབ་བརྟན་ཀུན་བཟང་འཕགས་ཀྱིས་ཕོ་བྲང་སྣེ་གདོང་རྩེ་བ་དབང་གྲགས་པ་རྒྱལ་མཚན་གྱི་དགོངས་བཞེད་བཞིན་ཟང་ཟིང་དངོས་པོ་གཏོང་བའི་ཕྱག་ཡངས་རིང་དུ་བརྐྱངས་ཏེ། སྣར་ཐང་བཀའ་འགྱུར་ལ་མ་ཕྱི་བྱས་ཤིང་ཁུངས་དག་གཞན་རྣམས་དང་ཡང་བསྟུན། དོར་ལེན་ཕྲན་བུའང་བྱས་ནས་རྒྱལ་རྩེར་གསར་བཞེངས་མཛད་ཞུ་དག་ལ་ལོ་ཆེན་སྐྱབས་མཆོག་དཔལ་གྱིས་མཛད་པར་གྲགས་ཤིང་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མར་གྲགས། དེ་རྗེས་བསྟན་འགྱུར་གྱི་དཀར་ཆག་སྐོར་གྱི་སྤྱི་ལོ1362ལོར་བུ་སྟོན་རིན་པོ་ཆེས་ཞ་ལུའི་བསྟན་འགྱུར་གྱི་དཀར་ཆག་མཛད་པའི་མཚན་བྱང་དུ་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་དང་། སྤྱི་ལོ1687ལོར་སྡེ་སྲིད་ཀྱིས་མཛད་པའི་བསྟན་འགྱུར་དཀར་ཆག་ཞལ་བྱང་དུ་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་འཇིག་རྟེན་གསུམ་གྱུ་བདེ་སྐྱིད་པད་ཚལ་བཞད་པའི་བྱེད་ཅེས་དང་། སྤྱི་ལོ1737ལོར་སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་ཞལ་བྱང་དུ་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ཞེས་པ།  ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་བསྟན་འགྱུར་དཀར་ཆག་གི་ཞལ་བྱང་དུ་བཀའ་ཡི་དགོངས་པ་འགྲེལ་པའི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དོན་ལྡན་ཚངས་པའི་དབྱངས་ཞེས། སྤྱི་ལོ1753ལོར་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་ཅོ་ནེའི་བསྟན་འགྱུར་གྱི་དཀར་ཆག་མཛད་པའི་ཞལ་བྱང་དུ་བཀའ་ཡི་དགོངས་པ་འགྲེལ་པའི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་ནོར་བུའི་འཕྲེང་བ་ཞེས་པ་སོགས་བྱུང་། བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་གསུང་འབུམ་དཀར་ཆག་ལ་ཀློང་བརྡོལ་བླ་མ་ངག་དབང་བློ་བཟང་གིས་བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་མཚན་ཐོ་ཞེས་མཛད་པ་དེ་དང་དྲུང་རྗེ་ཤེས་རབ་རྒྱ་མཚོས་མཛད་པའི་དཔེ་རྒྱུད་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་ཞེས་པ་སོགས་བྱུང་ཡོད།

       ཐེམ་བྱང་ཞེས་པ་ནི་སྤྱིར་ཡི་གེ་རང་གི་དག་ཆའི་ཐོག་ནས་འགྲེལ་ན།  ཐེམ་ཞེས་པ་ནི་སྒོ་ཡི་ཐེམ་པ་དང་། བྱང་ཞེས་པ་ནི་དེ་དག་ལ་ཁ་ཡིག་བྲིས་ནས་བཞག་པ་ལ་ཐེམ་བྱང་ཟེར།  དེས་ན་ཐོག་མར་ཐེམ་བྱང་ཞེས་པའི་ཚིག་འདི་དུས་ཚོད་ནམ་ཞིག་ལ་བྱུང་བའི་ཚིག་ཡིན་ནམ་ཞེ་ན། དེ་ནི་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བྱུང་བའི་ཚིག་ཅིག་ཡིན། གང་ལགས་ཤེ་ན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་བསྟན་འགྱུར་དཀར་ཆག་ཤོག་གྲངས45ནང་དུ། ཆོས་ལྡན་གྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་སྐད་གཉིས་སྨྲ་བའི་དབང་པོ་བནྡེ་དཔལ་བརྩེགས་རཀྴི་ར་དང་དེ་བནྡྲེ་དང་། དཔལ་གྱི་ལྷུན་པོ་སོགས་པས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་ལ་རྐང་པ་གཅིག་ཏུ་བརྩིས་པའི་རྐང་པ་བཞི་ཚོགས་ལ་ཤློ་ཀ་དང་། དེ་གསུམ་བརྒྱ་ལ་སོགས་པ་ལ་བམ་པོ་ཚད་དུ་བྱས་ཏེ།  གཞུང་ཚད་དེ་ཉིད་ཀྱིས་ལེགས་པར་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་གྲངས་འདི་དང་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་སོ་ཞེས་པའི་སྐད་ཆ་དུམ་བུ་དེ་ལས་ཐེམ་བྱང་ཞེས་པ་དེ་ལ་གོ་བ་ཞིག་ལེན་ཐུབ།  

       ཐེམ་བྱང་ཞེས་པ་དེ་ནི་དཀར་ཆག་གི་གོ་དོན་དང་གཅིག་མཚུངས་སུ་འདུག   གང་ཡིན་ཟེར་ན།  ཐེམ་བྱང་དུ་འགོད་དགོས་ན་གསུང་རབ་དེ་དག་གི་མཚན་བྱང་། གཞུང་ཚད་ཤོ་ལོ་ཀ་དང་། བམ་གྲངས་སོགས་མ་འཕྱུག་པར་བཀོད་པ་དེ་ལ་ཐེམ་བྱང་ཞེས་ཟེར།  དཔེར་ན། དཀར་ཆག་འཕང་ཐང་མར་འཕགས་པ་བདུན་བརྒྱ་པ་ཤློཀ་ལྔ་བརྒྱ་སྟེ་བམ་པོ་ཉིས་བརྒྱ། འཕགས་པ་ལྔ་བརྒྱ་ཤློཀ་ལྔ་བརྒྱ་སྟེ།  བམ་པོ་གཅིག་དང་ཤློཀ་ཉིས་བརྒྱ། འདི་ལྟ་བུ་ཡིན།  དེས་ན་སྐབས་དེ་དུས་ཀྱི་དཀར་ཆག་རིག་པའི་ངོས་ནས་བརྗོད་ན་ཁ་ཤིནི་ཏུ་གསལ་པ་ཞིག་ཡིན་པ་ནི། པོ་ཏི་གཅིག་གི་ཆོས་ཚན་ཅི་ཙམ་བཞུགས་ཡོད་མེད་དང་ཆོས་ཚན་དེ་དག་ལ་ཚིགས་བཅད་ཇི་ཙམ་ཡོད་མེད། ཚིགས་བཅད་གཅིག་ལ་ཚིག་རྐང་ཇི་ཙམ་ཡོད་མེད། བམ་པོ་གཅིག་ལ་ཤློཀ་ཇི་ཙམ་ཡོད་མེད་སོགས་ཁ་གསལ་གཏིང་གསལ་གྱི་གཏན་འབེབ་གནང་ཡོད་པ་ནི། གོང་གི་དཔེར་བརྗོད་དག་ལས་ཤེས་ཐུབ། འོན་ཀྱང་སྔོན་གྱི་བཙན་པོ་སྐུ་དུས་སུ་བགྱིས་པའི་ཐེམ་བྱང་དེ་དག་དང་ད་ལྟའི་ཤོག་བྱང་གི་དཀར་ཆག་བསྡུར་ན་མི་ལྡེང་བའི་ས་ཡང་མི་ཉུང་མ་ཞིག་འདུག  དཔེར་ན་གོང་དུ་བརྗོད་པའི་དཔེར་བརྗོད་ལས་ཞུས་ན་མཛད་པ་པོ་དང་འགྱུར་བྱང་སོགས་གསལ་ཁ་མེད་གཤིས། རྗེས་སོར་དེ་དག་ད་ལྟའི་ཤོག་བྱང་གི་དཀར་ཆག་ལ་འགོད་ན་དཀའ་བའི་གནད་ཀྱང་མི་ཉུང་བ་ཞིག་འཕྲད་སྲིད་སྙམ་མོད། འོན་ཏེ་ཕྱོགས་གཞན་ཞིག་གི་ངོས་ནས་གླེང་ན་ཐེམ་བྱང་གིས་བོད་ཀྱི་གསུང་རབ་ཀྱི་ལུས་དང་རྣམ་གཞག་སོགས་སྔར་ན་མེད་པའི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་རྩོམ་རིག་རྣམ་གཞག་ཡང་དག་གཅིག་གཏན་ལ་དབབ་གནང་ཡོད་པ་སྟེ། གོང་དུ་ཞུས་པའི་ཤློཀ་གཅིག་ལ་ཚིག་རྐང་དང་ཚིག་རྐང་གཅིག་ལ་ཚིག་ཇི་ཙམ་ཞིག  བམ་པོའི་གྲངས་དང་ལེའུ་གྲངས་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་གཏན་ལ་དབབ་པ་ལས་བོད་ཀྱི་གསུང་རབ་ཀྱི་སྒྲིག་གཞི་འཐུས་ཚང་དུ་འགྲོ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་དོ།།

       ཐེམ་བྱང་ཞེས་པའི་ཚིག་གི་དག་ཆའི་ཐོག་ལ་ཡང་འབྲི་སྲོལ་མི་འདྲ་བ་ཁག་རེ་གཉིས་ཡོད་པ་སྟེ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ(1845-1908)ཐེམ་སྤངས་མ་ཞེས་པའི་དོན་རིགས་པ་སྨྲ་བ་དཔལ་མང་རིན་པོ་ཆེའི་གནས་ཡིག་ཏུ། ཐེམ་ཡིག་འདི་ཚད་ཐུབ་ཀྱི་དཔང་པོ་དང་འདྲ་བས་ཐེམ་དཔང་མ་ཞེས་བསྒྱུར་བཅོས་མཛད་པའང་མི་རུང་ག་ལ་ཡོད་མོད། འོན་ཏེ་གནས་ཡིག་གངྒའི་ཆུ་རྒྱུན། ཛ་ཡའི་གནས་ཡིག  འཇམ་དབྱངས་བཞད་པའི་རྡོ་རྗེའི་གནས་ཡིག་སོགས་གནས་ཡིག་སྔོན་མ་ཁུངས་དག་ཐམས་ཅན་དུ་ན་ཐེམ་སྤངས་མ་ཞེས་ཡོད་ཅིང་། དེའི་དོན་ཐེམ་བྱང་འདི་ནས་གསུངས་པ་ཐམས་ཅད་དཔྱད་པ་གསུམ་གྱི་དག་པ་ཤ་སྟག་ཡིན་པས་སུས་ཀྱང་སྤང་དུ་མི་རུང་བའམ་ཡང་ན་ཐེམ་བྱང་འདི་འགོད་པའི་ཆོས་ཚན་ཐམས་ཅད་རྩོད་པ་ཅན་དང་རྫུན་མའི་གྲས་རིགས་རྣམས་སྤངས་པའི་ཚད་ཐུབ་ཡིན་པས་ན་དེ་ལྟར་བརྗོད་པ་ཡིན་ཞེས་པས། ཐེམ་བྱང་དང་ཐེམ་སྤངས་མ། ཐེང་དཔང་མ་སོགས་སྔོན་དག་ཆ་འབྲི་སྲོལ་ཁག་མི་འདྲ་བ་བྱུང་ཡོད་པ་དེ་ཤེས་ཐུབ་པ་དང་སྦྲགས་ཐེམ་བྱང་གི་གལ་ཆེན་རང་བཞིན་གཏན་ལ་དབབ་པ་ལ་དཔྱད་པ་གསུམ་གྱིས་དག་པ་ཁོ་ན་ཡིན་པ་སུས་ཀྱང་རྩོད་པ་དང་བསྒྱུར་བཅོས་གནང་མི་རུང་སོགས་ལས་ཐེམ་བྱང་གི་གལ་ཆེའི་རང་བཞིན་གསལ་བཤད་ཐུབ། ཐེམ་བྱང་ཞེས་པའི་ཚིག་དེ་བྱུང་བའི་སྐབས་སུ་མི་རིགས་དེའི་གསུང་རབ་ཀྱི་ནང་དོན་སོགས་ཕྱོགས་ཡོངས་ནས་སྣ་ཁ་འཛོམས་ཤིང་ཕུན་སུམ་ཚོགས་པོ་དང་འགྱུར་རྩོམ་ལེགས་ཉེས་ཇི་སྙེད་ཅིག་བྱུང་ཡོད་གཤིས།  སྔོན་གྱི་ལོ་པཎ་རྣམས་དང་ཆོས་རྒྱལ་རྣམས་པས་ཐེམ་བྱང་གི་ཐབས་ལམ་ལ་མགོ་བཏགས་བཅོལ་ནས་གསུང་རབ་ཁག་ཡང་དག་ཚད་མའི་སྲང་ལ་གཞལ་དགོས་བྱུང་ཡོད་པ་མངོན་ལ། གལ་ཏེ་གསུང་རབ་ཕུན་སུམ་ཚོགས་པོ་དེ་འདྲ་མེད་ཚེ། ཐེམ་བྱང་ཞེས་པའི་ཚིག་དེ་ཡང་རང་རེ་བོད་ཀྱི་གསུང་རབ་རིག་པའི་ལོ་རྒྱུས་ཐོག་ཐོན་དཀའ་བར་སེམས་སོ།། 

མདོར་ན་གསུང་རབ་ཀྱི་རྣམ་གཞག་དང་དཀར་ཆག་རིག་པའི་ངོས་ནས་ཞུས་ན་བོད་མི་རིགས་འདི་ལ་གསུང་རབ་ཀྱི་རྣམ་གཞག་དང་དཀར་ཆག་རིག་པ་ནི་མཐོ་བོད་བཙན་པོའི་སྐབས་ནས་བྱུང་ཡོད་པ་ཞིག་ཡིན་པ་ནི་ཐེམ་བྱང་ལས་གསལ་བཤད་བྱེད་ཐུབ་ཀྱི་འདུག་གོ

        དཀར་ཆག་གི་གོ་དོན་ལ་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་དོན། དཀར་ཆག་ཅེས་པ་ནི་གསུང་རབ་དང་དཔེ་དེབ། ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་སོགས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་བཀོད་པ་ཞིག་ལ་ཟེར།2 

        སྤྱིར་གྱི་དཀར་ཆག་ལ་དབྱེ་བ་བཞག་ན་ཁག་གསུམ་ཡོད་པ་སྟེ་གསུང་རབ་ཀྱི་མཚན་བྱང་དཀར་ཆག་དང་མཛད་པ་པོའི་དཀར་ཆག   རིགས་དབྱེའི་དཀར་ཆག་བཅས་སོ། དེ་གསུམ་གྱི་ནང་ནས་ཆེས་དཀའ་ཤོས་དེ་ནི་རིགས་དབྱེའི་དཀར་ཆག་དེ་ཡིན།  རིགས་དབྱེའི་དཀར་ཆག་དེ་ནི་བོད་བཙན་པོའི་རྒྱལ་རབས་ཏེ་ཆོས་རྒྱལ་ཀྱི་སྐུ་དུས་སུ་ལོ་པཎ་སྐུ་དྲིན་ཅན་རྣམ་པས་གསུང་རབ་ཁག་ཐེམ་བྱང་དུ་བཏབ་སྟེ་གསུང་རབ་དེ་དག་གི་ནང་དོན་ལ་གཞིགས་ནས་བརྗོད་བྱ་བསླབ་པ་ཁག་གསུམ་དུ་བཞག་གནང་ཡོད། བོད་ཀྱི་གསུང་རབ་དེ་དག་རིགས་གསུམ་དུ་བཀར་ནས་སྡེ་སྣོད་གསུམ་དུ་འཇོག་གནང་མཛད་པ་དེ་ལས་བོད་ཀྱི་གསུང་རབ་རིགས་དབྱེའི་དཀར་ཆག་གི་མགོ་འབུད་པར་སེམས། དེ་དག་རིགས་ཚན་སོ་སོའི་ནང་དུ་འགལ་འཛོལ་མེད་པར་བཞག་དགོས་པ་དེ་ནི་ཤིན་ཏུ་ནས་འགངས་ཆེ། རིགས་ཚན་སོ་སོའི་ནང་དུ་འཇོག་སྐབས་ང་ཚོས་ཐེམ་བྱང་ངམ་བརྗོད་བྱའི་དོན་ལ་མགོ་བཏགས་བཅོལ་དགོས།  དེས་ན་སྔོན་གྱི་ལོ་པཎ་སྐུ་དྲིན་ཅན་རྣམ་པས་གསུང་རབ་ཀྱི་ནང་དོན་འགྱུར་ཕྱག་ལ་མགོ་བཏགས་བཅོལ་གནང་ཡོད་གཤིས། ང་ཚོས་གསུང་རབ་ཀྱི་འགྱུར་ཕྱག་ལ་གཞི་བཅོལ་ཏེ་རིགས་དབྱེའི་དཀར་ཆག་བཟོས་ན་ཚད་ལྡན་ཞིག་ལགས། ཐབས་ལམ་དེ་འདྲ་བཀོལ་ཏེ་དཀར་ཆག་བསྒྲིགས་པ་ཡིན་ན་དུས་ཡུན་རིང་པོ་གཞུང་དངོས་ལ་འཇུག་མི་དགོས་པར་འགྱུར་བྱང་ཐེམ་བྱང་ཉིད་ལས་རིགས་དབྱེའི་དཀར་ཆག་བཟོ་ཐུབ་པ་ནི་གཅིག་ནས་ལས་ཤོག་ཆེ་བ་མ་ཟད། གཉིས་ནས་ཚན་རིག་དང་ལྡན་པ་ཞིག་ཡིན། འདི་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གསུང་རབ་རིག་པའི་གཞུང་ལུགས་དམིགས་བསམ་ཅན་ཞིག་ཡིན། དེའི་སྐོར་ངོ་སྤྲོད་ཞུས་ན་འདི་ལྟར།

གསུང་རབ་ཀྱི་བརྗོད་བྱ།→ འགྱུར་ཕྱག→རིག་ཚན།

ཚུལ་ཁྲིམས།→ཐམས་ཅད་མཁྱེན་པ།→འདུལ་བའི་སྡེ་སྣོད།

ཤེས་རབ།→འཇམ་དཔལ་གཞོན་ནུ།→མངོན་པའི་སྡེ་སྣོད།

ཏིང་ངེ་འཛིན→སངས་རྒྱས་བྱང་ཆུབ་སེམས་དཔའ→མདོ་སྡེའི་སྡེ་སྣོད་ཅེས་པ་འདི་ལྟ་བུ་གསུང་རབ་ཀྱི་འགྱུར་ཕྱག་ཐེམ་བྱང་ལ་མགོ་བཏགས་བཅོལ་གནང་སྟེ་སྔོན་གྱི་ལོ་པཎ་དག་གིས་རིགས་དབྱེའི་དཀར་ཆག་བཟོས་གནང་འདུག  དེ་རྗེས་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོས་རིག་ཚན་ཉི་ཤུ་རྩ་གསུམ་དང་། གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་རིགས་ཚན་བཅུ་དགུར་ཕྱེ་ནས་དཀར་ཆག་བསྒྲིགས་གནང་འདུག  ད་ལྟ་བོད་ཀྱི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་མང་པོ་ཞིག་གི་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་རིགས་ཚན་དེ་ལག་བསྟར་བྱེད་བཞིན་འདུག་པས་དེའི་དགེ་མཚན་ཡང་རང་བཞིན་གྱིས་རྟོགས་སོ།།

       གསུང་རབ་ཀྱི་མཚན་བྱང་དང་མཛད་པ་པོ། དཔར་ཁང་། ལྡེབ་གྲངས། དབུ་ཞབས་ལྷ་སྐུ་ཡོད་མེད་སོགས་འཛོལ་ནོར་མེད་པར་ཤོག་བྱང་གི་སྟེང་དུ་དཀར་ཆག་འགོད་ན་གོང་དུ་མཚན་བྱང་དཀར་ཆག་དང་མཛད་པ་པོའི་དཀར་ཆག་གཉིས་གཅིག་མཚུངས་ཡིན་ཀྱང་། འདི་ནི་གཙོ་བོ་གསུང་རབ་ཀྱི་བརྗོད་བྱ་གཞིར་བཟུང་རང་རང་སོ་སོའི་རིགས་ཚན་དུ་གའུ་ཁ་སྦྱོར་ལྟ་བུ་འཇོག་རྒྱུ་དེ་ཡིན། དཔེ་མཚོན་ནི་འདི་ལྟར།

      10708ལོ་རྒྱུས། ཆོས་འབྱུང་མཁས་པའི་དགའ་སྟོན།མཛད་པ་པོ། དཔའ་བོ་གཙུག་ལག་འཕྲེང་བ།དཔར་ཁང་། ལྷོ་བྲག་དཔར་མ། ལྡེབ་གྲངས། 245

      14567རྩོག་རིག  བཅོམ་ལྡན་འདས་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཀ་ལ་པིངྐའི་སྒྲ་དབྱངས།མཛད་པ་པོ། ཞང་ཞུང་ཆོས་དབང་གྲགས་པ།དཔར་གཞི། བྲིས་མ་དཔེ་ཚུགས། ལྡེབ་གྲངས།6

      13299གསོ་རིག  གསོ་རིག་དགོས་མཁོ་ཀུན་འབྱུང་།མཛད་པ་པོ། གོང་སྨན་དཀོན་མཆོག་ཕན་དང་།དཔར་གཞི།  བྲིས་མ། ལྡེབ་གྲངས། 537

      རིགས་དབྱེའི་དཀར་ཆག་འདིས་རྒྱ་ཆེའི་ཞིབ་འཇུག་པ་རྣམས་ལ་དུས་ཐོག་ཏུ་གསུང་རབ་ནོར་འཛོལ་མེད་པར་རང་ཉིད་ལ་མཁོ་བའི་གསུང་རབ་མཁོ་འདོན་ཐུབ་པ་མ་ཟད། ཞིབ་འཇུག་དེར་མཁོ་བའི་གསུང་རབ་མང་པོ་ཞིག་དབྱར་གྱི་ཤ་མོའི་ལམ་སྣེ་རྙེད་པ་བཞིན་སྣེ་གཅིག་རྙེད་པ་ཡིན་ན་གཞན་མཛད་པ་པོས་མཛད་པའི་གསུང་རབ་མང་པོ་ཞིག་ཐད་ཀར་གལ་ཏུ་སོན་ཐུབ་པ་ནི་དེའི་དགེ་མཚན་ནོ།། རིགས་ཚན་འཇོག་སྟངས་ཐད་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་བཞེད་པ་མི་འདྲ་བ་འགའ་ཞིག་མཆིས་པ་དེ་དག་རིགས་ཚན་ཙམ་འདྲེན་ན། བོད་ལ་མཚོན་ན་སྔོན་མ་ནས་ད་བར་གཅིག་གྱུར་གྱི་རིགས་དབྱེ་ཞིག་ཡོད་པ་ད་ཕན་ཁོ་བོས་མ་མཐོང་ལགས། དཔེར་ན། བཙན་པོའི་སྐབས་སུ་འགྱུར་ཕྱག་ལ་གཞི་བཅོལ་ཏེ་རིགས་ཚན་གསུམ་དུ་དགར་བ་སྟེ་སྡེ་སྨོན་གསུམ་དང་ས་སྐྱ་པཎ་ཆེན་གྱིས་བོད་ཀྱི་རིག་གནས་བཅུའི་རྣམ་གཞག་མཛད་པ་ལས་རིགས་ཚན་བཅུ་རུ་འདོད་པ། (མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་ལས།  ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། ཆོས་རྗེ་པ་པཎ་ཡན་ལ་མ་དར་ཞིང་ཞེས་པ་དང)རྗེ་ཤེས་རབ་རྒྱ་མཚོས་རིགས་ཚན་ཁག་ཉི་ཤུར་འཇོག་གནང་མཛད་པ་དང་། བླ་བྲང་དགོན་གྱི་རིགས་ཚན་བཅུ་བདུན་དང་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པའི་གསུང་རབ་ལ་ལྔ་པ་ཆེན་པོའི་སྐུ་དུས་རིགས་ཚན་ཉི་ཤུ་རྩ་གསུམ་དང་། རྒྱ་གར་དྷི་ལིར་ཉར་ཚགས་སུ་ཚུད་པའི་གསུང་རབ་ལ་རིགས་ཚན་ཁག་བཅུ་གསུམ། གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་རིགས་ཚན་བཅོ་བརྒྱད་བཞག་ཡོད་པ་བཅས་ཡིན། དེ་དག་ནི་བོད་ཡིག་གནས་དཔེའི་རིགས་ཚན་འཛོག་སྟངས་མི་འདྲ་བ་དག་ཡིན། འོན་ཏེ་ང་རང་གི་བསམ་ཚུལ་ལྟར་ན་འབྲས་སྤུངས་དགོན་གྱི་རིགས་ཚན་འཇོག་སྟངས་དེ་དམིགས་བསལ་ཅན་ཞིག་ཡིན་པར་སེམས། གསུང་རབ་དེ་དག་ལ་རིགས་ཚན་ཉི་ཤུ་གསུམ་དུ་དབྱེ་བ་མ་ཟད། རིགས་ཚན་སོ་སོའི་མཚོན་བྱེད་རྟགས་སུ་བོད་ཡིག་གསལ་བྱེད་སུམ་ཅུར་བཅོལ་གནང་འདུག  དཔེར་ན་འབྲས་སྤུངས་སུ་ཉར་ཚགས་གནང་བཞིན་ཡོད་པའི་གསུང་རབ་ལ་དམིགས་བསལ་གྱི་རྟགས་ཏེ། ཕྱི། ར།༡༩ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གནད་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ་ཞེས་པ་འདི་ལྟ་བུར་མཚོན་ན། ཕྱི་ཡིག་དེས་གསུང་རབ་དེའི་དཔེ་ཁུངས་བརྗོད་པ་སྟེ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་བོད་ཀྱི་ས་ཆ་མང་པོ་ཞིག་ནས་དཔལ་ལྡན་འབྲས་སྤུངས་སུ་གསུང་རབ་མང་དག་ཅིག་གནད་འདྲེན་ཞུས་པ་དེ་གསལ་བཤད་ཐུབ་པ་དང་། རྒྱའི་བན་དེ་བྱང་ཆུབ་དབང་རྒྱལ་གྱིས་མཛད་པའི་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་དེ་རིགས་ཚན་གྱི་ཁུངས་ནས་བརྗོད་ནས་ལོ་རྒྱུས་ཡིན་སྟབས་ཞལ་བྱང་དུ་ར་ཡིག་བཀོད་པ་རེད། དེ་ནི་ཚན་རིག་དང་ལྡན་པའི་རིགས་ཚན་ཅི་ཙམ་ཞིག་ཏུ་དཀར་དགོས་མིན་ཐད་ལ་བོད་ཀྱི་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རིགས་དབྱེའི་དཀར་ཆག་དང་རྗེ་ཤེས་རབ་རྒྱ་མཚོའི་རིགས་དབྱེའི་དཀར་ཆག་སོགས་ལ་དཔྱད་བསྡུར་དང་རང་ཉིད་གསུང་རབ་བསྡུ་སྒྲིག་གི་ཕྱག་ལས་ལོ་མང་གནང་བའི་ཉམས་མྱོང་གཅིག་ཏུ་བསྡུས་ནས་རིགས་ཚན་ཁག་བཅོ་བརྒྱད་གནང་ཡོད་པ་སྟེ་འདི་ལྟར།

གོ་རིམ་ཨང་རྟ་གསརིགས་དབྱེའི་སྡེ་ཁགགསལ་བཤད།

1བཀའ་འགྱུར། བྲིས་མ་དང་དཔར་མ།

2བསྟན་འགྱུར། བྲིས་མ་དང་དཔར་མ།

3སྒྲི་རིག་པ།བྲིས་མ་དང་དཔར་། སྒྲ་རིག་པ།   སྒྲ་མདོ་བཞིའི་རྩ་འགྲེལ། སྐད་ཤན་སྦྱར།སུམ་རྟགས་དག་གསུམ།

4བཟོ་རིག་པ། ཐིག་རྩ། སྤོས་སྦྱོར།  བཟོ་རིག་པ།སྣ་ཚོགས།

5གསོ་བ་རིག་པ། རྒྱུད་དང་འགྲེལ་པ། བསྒྱུར་རྩོམ་སྨན་གཞུང་། འཁྲུངས་དཔེ། ཁ་འཐོར།

6སྙན་ངག  རྩ་བ་དང་འགྲེལ་པ། དཔེར་བརྫོད། ཆབ་ཤོག་འཕྲིན་ཡིག

7མངོན་བརྗོད། རྩ་བ་དང་འགྲེལ་པ། ཁ་འཐོར།

8སྡེབ་སྦྱོར། རྩ་བ་དང་འགྲེལ་བ།  དཔེར་བརྗོད།

9ཟློས་གར།       འཁྲབ་གཞུང་དང་རོལ་མོའི་བསྟན་བཅོས།  དབྱངས་ཡིག 

10སྐར་རྕིས།  བསྒྱུར་རྩོམ་གྱི་རྩིས་སྐོར། ཁ་འཐོར་སྣ་ཚོགས། དཔེ་རིས།

11ལོ་རྒྱུས་སྐོར།  རྒྱལ་རབས། རྣམ་ཐར། ཆོས་འབྱུང་།གདན་རབས།   

12དཀར་ཆག        སྤྱིའི་དཀར་ཆག དཔར་ཁང་དཀར་ཆག  དཔེ་མཛོད་དཀར་ཆག 

13མཚན་ཉིད་རིག་པ། རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད།  འདུལ་བ།

14གྲུབ་མཐའ།     

15ལམ་རིམ་བློ་སྦྱོང་། ལམ་རིམ།  བློ་སྦྱོང་། ལྟ་ཁྲིད།     

16གསང་སྔགས་གསར་མ། རྒྱུད་འགྲེལ། སྒྲུབ་དཀྱིལ། ཁྲིད་ཡིག བེའུ་བུམ།

17གསུང་འབུམ། གྲུབ་མཐའ་སོ་སོར་ཕྱེ་བ་དང་ཕྱེ་བ།

18ཁ་འཐོར་སྣ་ཚོགས།

       གསུང་རབ་ཀྱི་དཀར་ཆག་ནང་ནས་ཆེས་དཀའ་ཤོས་དེ་ནི་རིགས་དབྱེའི་དཀར་ཆག་དེ་ཡིན། དཀར་ཆག་དེ་བཟོ་སྐབས་སུ་གསུང་རབ་ཀྱི་བརྗོད་དོན་ལག་ཏུ་མ་འཕྱུགས་པར་ལེན་ཏེ་རིགས་དབྱེའི་ནང་དུ་འཇོག་རྒྱུ་དེ་ཡིན། དཔེར་ན་རྒྱལ་དབང་ལྔ་བས་མཛད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལྟ་བུར་ཆ་བཞག་ན་མ་གཞི་རྗོད་བྱེད་ཀྱི་ཚིག་སྙན་ཞིང་དོན་གྱིས་བརྗིད་པ་ཞིག་ཡིན་ཡང་དེའི་བརྗོད་བྱའི་དོན་གཙོ་བོར་བཟུང་རྒྱུ་དེ་སྐབས་བབས་ཀྱི་སྙིང་པོ་ཡིན་པས་ང་ཚོས་དེ་རིགས་ཚན་གྱི་དཀར་ཆག་བཟོ་སྐབས་ལོ་རྒྱུས་ཀྱི་རིགས་ཚན་དུ་འཇོག་པ་ལས་སྙན་རྩོམ་གྱི་རིགས་ཚན་དུ་འཇོག་མི་རུང་ངོ་།། རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་བསྟོད་ཆེན་བཞིའི་ཡ་གྱལ་རྟེན་འབྲེལ་བསྟོད་པ་ལྟ་བུ་ཡིན་ན། རིགས་ཚན་དུ་འཇོག་སྐབས་ནང་དོན་རིགས་པའི་ཁོངས་སུ་འཇོག་དགོས་པ་དེ་དང་འདྲ་བ་ནི་ཤིན་ཏུ་ནས་མང་བས་གཞན་རྣམས་རིགས་བསྒྲེའོ། དེ་ལྟར་འཇོག་པ་ལ་ཐ་སྙད་རིག་གནས་ཙམ་མ་ཡིན་པར་ནང་དོན་རིག་པའི་ཤེས་བྱ་སོགས་གང་ཅིའི་ཐད་ལ་བལྟ་རྒྱ་ཐོས་རྒྱས་མི་དམན་པ་ཞིག་དགོས་ངེས་ལགས་དེ་ལྟར་མ་བྱུང་ན་རིགས་ཚན་དབྱེ་ཐབས་བྲལ། དེར་བརྟེན་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་དཔེ་ཆའི་དཀར་ཆག་བཟོ་རྒྱུ་དེ་ལས་སླ་མོ་མིན་པར། དཀར་ཆག་བཟོ་མཁན་ལ་ཆ་བཞག་ན། དཔེ་ཆར་བལྟས་པ་ཙམ་གྱིས་གྲུབ་མཐའ་གང་གི་ཡིན་མིན་དང་། རིག་གནས་བཅུ་པོ་གང་གི་ཁོངས་སུ་གཏོགས་མིན་ལམ་སང་དབྱེ་བ་འབྱེད་ཐུབ་མཁན་གྱི་གནས་ཚད་མཐོ་པོ་ཞིག་དགོས་པ་ལས་ཡི་གེ་ཤེས་ཙམ་གྱི་དཔེ་ཆའི་དཀར་ཆག་བཟོ་མི་ཐུབ།3ཅེས་གསུངས་པས་བོད་ཀྱི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་ལ་བྱང་ཚད་མཐོན་པོ་ཞིག་དགོས་པའི་བསླབ་བྱ་གནང་འདུག


  • 顶 0