གླེགས་ཤིང་།

2019-04-01
0

གླེགས་ཤིང་ནི་བོད་ཀྱི་གསུང་རབ་གླེགས་བམ་མམ་པོ་ཏིའི་རིགས་ལ་བསྒྲོན་པའི་ཕྱི་ཤུན་ནམ་དཔེ་ཆ་དཀྱིལ་དུ་བཞག་ནས་ཕྱོགས་གཉིས་ནས་སྡོམ་བྱེད་ཀྱི་ཤིང་ལེབ་སྟེ། གླེགས་ཤིང་དེས་གླེགས་བམ་དེའི་གཞུང་དངོས་ཀྱི་ཤོག་ལྡེབ་སྔ་ཕྱི་མི་འཁྲུག་པ་དང་རྡུལ་དྲེགས་འགོག་པ། ལྟེབས་སྙིགས་མི་ཡོང་བ། གླེགས་བམ་དེར་འབུ་སྲིན་དང་བརླན་གཤེར་སོགས་ཀྱི་གནོད་པ་འགོག་པ། ཀུན་དགའ་ར་བར་འཇོག་སྒྲིག་བདེ་བ་སོགས་ཀྱི་དགོས་པ་མང་པོ་ཡོད།

       བོད་ཀྱི་གནའ་དཔེར་གླེགས་ཤིང་བསྒྲོན་རྒྱུ་དེ་དུས་རབས་ཅི་ཙམ་ཞིག་ལ་འགོ་ཚུགས་པ་ཡིན་ནམ་ཞེ་ན།དེ་ནི་དུས་རབས8-9པའི་སྔོན་ནས་ཡོད་པ་ཞིག་རེད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དེ་དག་ནི་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་སྨྲ་བ་དག་གིས་དུས་རབས8-9བར་གྱི་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད་གཤིས། ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ཏུན་ཧོང་ནས་ཐོན་པའི་གནའ་དཔེ་ཇི་སྙེད་ཅིག་ཉར་ཚགས་གནང་ཡོད། དེ་དག་ཐོག་མར་བཤམས་མཛོད་ཁང་དེར་འབྱོར་བའི་སྐབས་སུ་གསུང་རབ་དེ་དག་ལ་རང་རང་སོ་སོར་གའུ་ཁ་རང་འགྲིག་ཏུ་སོང་བ་ལྟ་བུའི་གླེགས་ཤིང་རེ་རེ་འདུག་ཅེས་པ་དང་སུད་སིའི་ཨའེ་མི་ཧའེ་ལེགས(瑞士艾米海勒)ཀྱིས་མཛད་པའི་བོད་ཀྱི་ནང་བསྟན་སྒྱུ་རྩལ་ཞེས་པའི་དེབ་དེའི་ནང་དུ་དུས་རབས9པའི་སྐབས་ཀྱི་གླེགས་ཤིང་ཞིག་ངོ་སྤྲོད་གནང་ཡོད་པ་སྟེ་འདི་ལྟར། གླེགས་ཤིང་དེའི་ཆེ་ཆུང་ནི་རིང་ཚད་ལི་རྨིད66དང་ཞེང་ཚད་ལི་རྨིད19གླེགས་ཤིང་དེའི་མདུན་ངོས་སུ་ཆུ་སྐྱེས་པདྨ་འདབ་བརྒྱད་ཀྱིས་བརྒྱན་པའི་ཆོས་འཁོར་གསུམ་ཡོད། གླེགས་ཤིང་གི་ཟུར་ངོས་སུ་སྐུ་བརྙན་བརྐོས་ཡོད། སྐུ་བརྙན་དེ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཅན་ཞིག་ཡིན། སྐུ་བརྙན་དེའི་གཞོགས་གཡས་གཡོན་དུ་རི་དྭགས་གཉིས་ཏེ་སེངྒེ་ཡིན། གླེགས་ཤིང་འདི་དུས་རབས9པའི་ནང་བཞེངས་གནང་བ་རེད་ཅེས་གསུང་འདུག དེ་ལྟར་ཡིན་ཙ་ན་གླེགས་ཤིང་དེའི་སྟེང་དུ་བརྐོས་པའི་ཆུ་སྐྱེས་པདྨ་མས་བརྒྱན་པའི་ཆོས་འཁོར་གྱི་རི་མོ་དེ་དང་ཆ་མཚུངས་པ་ཞིག་དུས་རབས8-9པའི་བར་གྱི་ཏུན་ཧོང་ཡིག་རྙིང་གི་ཞབས་ཤོག་སྟེང་དུའང་བྲིས་འདུག་ལ་ད་དུང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར་བླ་འབུམ་གྱི་ལེའུ་དང་བམ་པོ། ཚེག་སོགས་ཀྱི་ཚད་བསྟན་པ་ཞེས་པར་ད་ལྟ་གཡོ་རུ་ཁྲ་སྣ་ན་བཞུགས་སོ། དེ་ཡང་འགྱུར་མ་རྒྱས་ནས་ཕྱིས་སྤྱི་ལོ763ལོའི་རྒྱལ་བུ་མུ་ཏིག་བཙན་པོའི་ཐུགས་དམ་དུ་བརྫངས་སྐད། ལྕགས་ཐུར་ཅན་དེ་དང་བིད་པ་ཏར་བསྟུན་ཅིང་སྤ་གོར་བེེ་རོ་ཙ་ནས་ཞུས་ཆེན་བྱས་ནས་ཆེ་ལོང1གཏན་ལ་ཕབ་ནས་དྲུག་དུམ་པ1བྲིས་པར་གདའ། པན་བི་ཏ་ལ་མ་ཐུགས་ཀྱང་སྔར་གྱི་བར་འགྱུར་མ་ལས་རྒྱས་སྐད། གླེགས་ཤིང་ལས་མཚན་དུ་ཐོགས་པ་རྒྱལ་པོའི་ཐུགས་དམ་པར་གབ་ཅན་ཞེས་གྲགས། དེ་ལ་ཐུགས་ཆེས་ནས་ཐུགས་དམ་དུ་མཛད། བླ་འགྱུར་འབྲིང་པོ་བྱ་བ་ལགས། ཞེས་གསུངས་པ་ལ་བལྟས་ན། བེེ་རོ་ཙ་ན་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི(755-797)སྐུ་དུས་སུ་བྱོན་པའི་ལོ་ཙཱ་བ་ཞིག་ཡིན་པ་དང་གཅིག  གཉིས་ལྷག་དོན་དུ་གླེགས་ཤིང་ལས་མཚན་ཐོགས་པ་པར་གབ་ཅན་ཞེས་བྱུང་བ་ལས། བོད་ཀྱི་གནའ་དཔེར་དུས་རབས8པའི་ཡར་སྔོན་ནས་གླེགས་ཤིང་བསྒྲོན་སྲོལ་ཡོད་པ་དེ་དངོས་རིགས་དང་གཞུང་ལུགས་གཉིས་ཀྱི་ཐོག་ནས་བསྒྲུབ་པ་ཞིག་ཡིན་ནོ།།

       སྤྱིར་བཏང་བྱས་པ་ཡིན་ན་བོད་ཀྱི་གསུང་རབ་གླེགས་བམ་ལ་རྒྱུ་སྤུས་གང་རུང་ཞིག་གི་གླེགས་ཤིང་བཟོས་ཏེ་གླེགས་བམ་ལ་བསྒྲོན་ནའང་མ་འགྲིག་པ་ཞིག་མིན། གང་ཡིན་ཟེར་ན་གླེགས་ཤིང་གི་བྱེད་ནུས་ལ་བསམས་ཚེ། གླེགས་ཤིང་དེས་གླེགས་བམ་དེའི་གཞུང་དངོས་ཀྱི་ལྡེབ་གྲངས་སྔ་ཕྱི་མ་འཛོལ་བ་དང་ལྟེབས་སྙིགས་མི་ཡོང་བ། གླེགས་བམ་དེར་འབུ་སྲིན་དང་བརླན་གཤེར་སོགས་ཀྱི་གནོད་པ་འགོད་པ། གླེགས་བམ་དེ་དག་ཀུན་དགའ་ར་བའི་ནང་བཞག་སྟེ་ཉར་ཚགས་སོགས་བྱེད་བདེ་བའི་དགོས་པ་བཅས་ཡིན་གཤིས། དེ་དག་གི་རྒྱུ་སྤུས་ལ་དམིགས་བསལ་གྱི་རེ་བ་དོ་ནན་པོ་རང་མེད་མོད། འོན་ཏེ་བོད་ཀྱི་གསུང་རབ་གླེགས་བམ་གྱི་གླེགས་ཤིང་དེའང་རང་རང་སོ་སོའི་འཁོས་འབྱོར་དང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསག་པའི་སླད་དུ་ཤིང་ལག་ཏུ་འབྱོར་ཚད་ལས་བཟོས་པ་ཞིག་མ་ཡིན་པར། གླེགས་ཤིང་དེའི་རྒྱུ་སྤུས་ཀྱི་ཐད་ལ་དཔེ་མི་སྲིད་པའི་དོ་གལ་གནང་ཡོད།

       ད་ལྟ་ཕོ་བྲང་པོ་ཏ་ལར་བཞུགས་པའི་བཀའ་བསྟན་གྱི་གྲས་ཏེ་རྒྱལ་མཆོག་ལྔ་པ་ཆེན་པོའི་དགོངས་རྫོགས་སུ་བཞེངས་པའི་བཀའ་བསྟན་ཁག་གི་གླེགས་ཤིང་སྟེ། སྤྱི་ལོ1683ལོར་ལྷོ་ཤེལ་དཀར་མི་འགྱུར་རྡོ་རྗེས་བཞེངས་པའི་བཀའ་འགྱུར་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་གི་པོ་ཏི་བརྒྱ་དང་བཅུ་གཅིག་ལ་སྟག་པང་གི་གླེགས་ཤིང་མཚལ་རྩི་མ་གདོང་མདུན་སྟེང་འོག་ལ་གསེར་ཤོག་དང་རྒྱབ་ལ་གསེར་འགྱུར་གྱི་ལཉྫ་སྒལ་རྒྱབ་མཐའ་དབུས་ཀྱི་འབྱེད་གསེར་ཤོག་མ། སྤྱི་ལོ1682ལོར་ཚ་བ་མཛོ་སྒང་དུ་བཞེངས་པའི་བཀའ་འགྱུར་སྐྱ་པོད་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་གི་པོ་ཏི་བརྒྱ་དང་བཅུ་གཅིག་གི་གླེགས་ཤིང་སྟག་པང་གི་གླེགས་ཤིང་ཕྱི་མཚལ་རྩི་འཇམ་སང་དང་ནང་བ་བླ་གདོང་སྟེང་འོག་ལན་ཚ་དང་སྒལ་ཐིག་གི་བཅད་གསེར་ཤོག སྤྱི་ལོ1682ལོར་ལྷོ་རྫོང་དུ་བཞེངས་པའི་བཀའ་འགྱུར་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་གི་སྐྱ་ཆོས་པོ་ཏི་བརྒྱ་དང་བཅུ་གཅིག་ལ་ཤུག་པང་གི་གླེགས་ཤིང་ཕྱི་མཚལ་རྩི་སྒལ་ཐིག གདོང་ངོས་རྒྱབ་མདུན་སྟེང་འོག་གི་ལཉྫས་བརྒྱན་པའི་གླེགས་ཤིང་། སྤྱི་ལོ1682-1690ལོར་བདེ་མོ་གསང་སྔགས་ཆོས་འཁོར་དུ་བཀའ་འགྱུར་རིན་པོ་ཆེ་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་གི་སྐྱ་ཆོས་པོ་ཏི་བརྒྱ་དང་བཅུ་གཅིག་ལ་སྟག་པང་གི་གླེགས་ཤིང་མཚལ་རྩི་འཇམ་སང་། རྒྱབ་མདུན་གྱི་གདོང་ངོས་སྟེང་འོག་ལ་ལཉྫ་མ་དང་སྒལ་ཐིག་བཅས་གསེར་ཤོག སྤྱི་ལོ1682-1690ལོ་བར་བཞད་མཐོང་སྨོན་གཞིས་ཀར་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་ཐོག་རྙིང་མ་རྒྱུད་འབུམ་དང་བཅས་པར་དངུལ་ཞུན་གྱི་བཀའ་འགྱུར་ལ་མོན་སེང་ལས་གྲུབ་པའི་གླེགས་ཤིང་ཕྱི་རྒྱབ་མཐའ་བཅད། སྤྱི་ལོ1682-1690ལོར་འོལ་དགའ་སྟག་རྩེར་རྒྱལ་རྩེ་ཐེམ་སྤངས་མའི་འདྲ་ཅོག་བཀའ་འགྱུར་ཕལ་ཆེར་གྱི་མ་ཕྱི་སོར་བཞག་པོ་ཏི་བརྒྱ་དང་བཅུ་གཅིག  རྙིང་མ་རྒྱུད་པོ་ཏི་གསུམ་དང་བཅས་པར་སྟག་པང་གི་གླེགས་ཤིང་མཚལ་རྩི་གདོང་མདུན་སྟེང་འོག་ལ་གསེར་ཤོག་དང་། རྒྱབ་སྣེ་སྟེང་འོག་ལ་གསེར་འགྱུར་གྱི་ལཉྫ། སྒལ་རྒྱབ་མཐའ་དབུས་ཀྱི་འབྱེད་གསེར་ཤོག བཞད་མཐོང་སྨོན་གཞིས་ཀར་བཞེངས་པའི་བཀའ་འགྱུར་མ་དཔེ་རྒྱལ་རྩེ་ཐེམ་སྤངས་མར་སེང་སྨུག་གི་གླེགས་ཤིང་བཅད་འབུར་བརྐོས་རིམ་པ་སུམ་ལྡན་གསེར་རིས་འཆོལ་རྒྱག་གིས་མཚན་པ། ལྷོ་རོང་རྫོང་དུ་བཞེངས་པའི་བཀའ་འགྱུར་སྐྱ་པོད་ལ་གླེགས་ཤིང་མཚལ་རྩི་གདོང་དུ་ལཉྫ་ཡིག་དྲུག་གསེར་ཤོག་གིས་མཚན་པ་སོགས་བཟོས་ཞེས་དང་ད་དུང་ས་སྐྱ་དགོན་གི་གླེགས་ཤིང་བེར་དོ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཚེ་དཔག་མེད་མདོའི་གླེགས་ཤིང་བ་སོ་ཅན་དང་ཤིང་གི་མ་མར་སྔ་སོར་སྔོ་ཚལ་ཕལ་ཆེར་མཐོངས་སྣག་དང་མཐར་རམས་མདོག་འགྱུར་ཙམ་ལས་མེད་པ་ཡོད་འདུག་ཀྱང་། ད་ལམ་མཐའ་དབུས་ཀུན་ཏུ་ནེ་ལཱི་ལས་གྲུབ་པའི་ནམ་མཁའི་མདོག་ལ་ས་བརྩེགས་ཡང་ཆུང་ཞེང་རྒྱུ་འགྲོ་ཁོ་ན་གཙོས་བཏོན་གྱི་རིན་པོ་ཆེ་དང་པོ་མ་ཧེ་ཞེས་བཙོ་སྦྱངས་གསེར་གྱིས་བྲིས་པ་ལྟོ་གར་དུ་འབུར་དེ་ལ་རིན་པོ་ཆེའི་ཕྲ། གླེགས་ཤིང་སེང་ངམ་སྙིང་པོས་ལྕི་བར་གདོང་བརྐོས་ཕྲ་དང་བཅས་པས་མཚོན་ཁྱད་མཚར་ཅན། ཞེས་གསུངས་པ་སོགས་ལས་བོད་ཀྱི་གནའ་དཔེའི་གླེགས་ཤིང་རྒྱུ་སྤུས་གང་འདྲ་ཞིག་ཡིན་པ་ཁ་གསལ་པོ་ཞིག་རྟོགས་ཐུབ།

       བོད་དུ་རི་མོའི་འབྲི་རྒྱུན་དར་བ་ནས་བཟུང་ཏེ་ནང་བསྟན་གྱི་སྐུ་གསུང་ཐུགས་རྟེན་ལ་སྒྱུ་རྩལ་གྱི་རི་མོས་ཕྱུག་པར་བྱས་ཡོད། གསུང་རབ་གླེགས་བམ་ནི་ནང་བསྟན་སྐུ་གསུང་ཐུགས་གསུམ་གྱི་ཡ་གྱལ་ཞིག་ཡིན་ཙང་། སྔོན་གྱི་མེས་པོ་དག་གིས་རང་རང་གི་འཁོས་འབྱོར་ལ་གཞིགས་པའི་རི་མོ་བ་མཁས་པ་རྣམས་གདན་དྲངས་ནས། དུས་རབས་དེའི་ནང་དུ་དར་ཁྱར་ཆེ་བའི་རི་མོ་བརྐོ་འབྲི་གནང་ཡོད། བོད་ཀྱི་རི་མོའི་སྒྱུ་རྩལ་མི་འདྲ་བའི་དབང་གིས་རི་མོ་ལའང་གྲུབ་མཐའ་མི་འདྲ་བ་ཁག་ཁ་ཤས་བྱུང་ཡོད་པ་སྟེ། སྨན་ལུགས། མཁྱེན་ལུགས། བྱིའུ་སྒང་ལུགས། ཀརྨ་གར་བྲིས་སོགས་ཡིན།

དེས་ན་སྐབས་དེ་དུས་ཡུལ་སོ་སོར་རི་མོའི་དར་སྲོལ་མི་འདྲ་བའི་དབང་གིས་ནང་བསྟན་གྱི་ཐུགས་རྟེན་ཙམ་མ་ཡིན་པར་གསུང་གི་རྟེན་ལ་ཡང་རི་མོའི་གྲུབ་མཐའ་མི་འདྲ་བའི་ཤུགས་རྐྱེན་ཐེབས་QQ图片20160421143451.jpg.jpgཡོད་པ་སྟེ། སྤྱི་ལོ1553ལོར་མངའ་རིས་གུང་ཐང་སྒང་པོ་ཆེར་གསུང་རྟེན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཐེག་མཆོག་རིན་པོ་ཆེའི་མཛོད་བརྐོས་བཞེངས་གནང་སྐབས་གསུང་པོད་དེའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་ལ་སྤྲུལ་སྐུ་སྨན་ཐང་པའི་རི་མོའི་སྒྱུ་རྩལ་གྱི་ཉམས་ལྡན་པ་ཞིག་ཡིན། རི་མོ་དེ་ནི་སྨན་ལུགས་འཛིན་མཁན་མཁས་པ་དྲི་མེད་ཀྱིས་མཛད་པའི་བརྩམས་ཆོས་ཤིག་ཡིན་པ་རི་མོ་བ་རྣམས་ཀྱིས་བལྟས་ན་ཤེས་སླ་མོད་ཀྱང་རི་མོའི་ཤེས་བྱ་དམན་པ་དག་གི་གསུང་རབ་གི་མཛད་བྱང་ལས་རྟོགས་ཐུབ་པ་སྟེ། ཨོཾ་ཧོ:ཐེག་མཆོག་འདི་ཉིད་དཔར་དུ་བསྒྲུབས་པ་ལ།གཟོ(བཟོ)རིག་ལས་བིཤ་ཀརྨ་ཡིས། རིང་ནས་མངགས་ཤིང་དགོས་དུས་ཕན་པ་ནི།།མངའ་རིས་ཡིག་དཔོན་རྡོ་རྗེ་དཔལ་ཞེས་པའི།།སློབ་མའི་ཐ་ཆུང་གཙང་པ་འོད་ཟེར་གྱིས།།སྟོད་ཆ་བྲིས་ཤིང་དེ་ཡི་ལྷག་མ་རྣམས།།དགེ་སློང་སྒྲོལ་མ་སྐུ་མཆེད་གཉིས་ཀྱིས་བྲིས།།ལེ་ལྷའི་རི་མོ་སྤྲུལ་སྐུ་སྨན་ཐང་པའི།།བརྒྱུད་འཛིན་མཁས་པའི་འབྱུང་གནས་གུང་ཐང་བ།།མཁས་པ་དྲི་མེད་སོར་མོའི་སྒྱུ་རྩལ་ལོ།།ལེ་ལྷ་སྟོད་ཆའི་བར་བརྐོས་རིག་བྱེད་ནི།།མཁས་པ་ཆེན་པོ་བསོད་ནམས་བཀྲ་ཤིས་ཡིན།།དེ་མཚམས་སྟོད་ཆ་དགེ་སློང་པད་མ་དང་།དགེ་སློང་མཁའ་འགྲོ་གཉིས་ཀྱི་ལེགས་པར་བརྐོས།།དགེ་སློང་ཤེར་དཔལ་དགེ་སྦྱོང་ནམ་མཁའ་དང་།།དགེ་སློང་བཟང་པོ་རྒྱལ་མཚན་རྣམ་གསུམ་གྱིས།།སྨད་ཀྱི་ཆ་རྣམས་ལྷག་བསམ་དག་པས་བརྐོས།།དགེ་སློང་ཡི་དམ་དཔོན་མོ་ཆོས་དབང་དང་།།དགེ་བཤེས་སྐྱབ་པ་དགེ་བཤེས་ཚེ་འཕེལ་དང་།།དགེ་བཤེས་མང་ཐོས་བཅུ་དཔོན་རྡོ་རྒྱལ་དང་།།དགེ་བཤེས་མཁའ་འགྲོ་དགེ་བཤེས་ཆོས་སྐྱོབ་གིས།།བར་གྱི་ཆ་རྣམས་དག་པས་བརྐོས།།ཞེས་གསུང་འདུག་པ་འདིར་གཞིགས་ན།ཀུན་མཁྱེན་ཀློང་ཆེན་པའི་གསུང་ཐེག་མཆོག་མཛོད་དེ་གུང་ཐང་དུ་དཔར་ལ་བརྐོས་བའི་སྐབས་སུ་ལྷོ་ཁ་ལྷོ་བྲག་སྨན་ཐང་ཁུལ་དུ་དུས་རབས14པའི་ནང་དུ་འཁྲུངས་པའི་སྨན་ལྷ་དོན་འགྲུབ་ཞུ་བ་དེས་གསར་གཏོད་གནང་བའི་རི་མོའི་སྒྱུ་རྩལ་ཞིག་ཡིན། རྗེས་སུ་རྒྱལ་བ་དགེ་འདུན་གྲུབ་པས་སྦྱིན་བདག་གནང་སྟེ་བཀྲ་ཤིས་ལྷུན་པོའི་འདུ་ཁང་དང་བཅས་པའི་ལྡེབས་རིས་ཀྱི་རི་མོ་རྣམས་འབྲི་བར་མཛད་པ་ལས་སྙན་པའི་གྲགས་པ་གངས་ཅན་གྱི་ལྗོངས་འདིར་ཁྱབ། དུས་རབས16པའི་དུས་དཀྱིལ་དུ་སྨན་ཐང་པའི་རི་མོའི་སྒྱུ་རྩལ་དེ་ནུབ་ཕྱོགས་ཀྱི་མངའ་རིས་གུང་ཐང་ཁུལ་དུ་དར་ཁྱབ་བྱུང་ཡོད་གཤིས། མངའ་རིས་གུང་ཐང་རྒྱལ་པོ་ཁྲི་ཀུན་བཟང་ཉི་མདའ་གྲགས་པ་དཔལ་བཟང་པོ་སྡེས1514-1560ལོ་བར་སྦྱིན་བདག་བྱས་ནས་དཔར་ལ་བརྐོ་སྐབས་སྨན་ཐང་པའི་རི་མོ་མཁས་པ་དྲི་མེད་དང་འོད་ཟེར་གཉིས་གདན་ཞུ་གནང་ནས་མཛད་པ་ཞིག་ཡིན། རི་མོ་དེ་དག་གི་འབྲི་རྒྱུན་ལ་བལྟས་པ་ཡིན་ན་དེ་ཅུང་ཟད་མཐོང་དཀོན་པའི་སྨན་ཐང་པའི་བྲིས་ཆ་སྔ་ཙམ་ཞིན་ཡིན་ཞེས་གསུངས།དེ་ལྟར་གསུངས་དོན་ནི་དུས་རབས15-16ཡས་མས་སུ་དབུས་གཙང་ཁུལ་དུ་སྨན་ལུགས་ཀྱི་རི་མོའི་འབྲི་རྒྱུན་དེ་ཤིན་ཏུ་ནས་དར་ཁྱབ་ཆེན་པོ་ཡོད་སྟབས་གུང་ཐང་དཔར་མའི་དབུ་ཞབས་ལྷ་སྐུ་དང་བཀྲ་ཤིས་ལྷུན་པོ་དང་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་སོགས་སུ་སྨན་ལུགས་ཀྱི་རི་མོའི་སྒྱུ་རྩལ་གྱིས་ཉམས་འགྱུར་ངོམས་ཤིང་ཡོད་མོད་ཀྱང་། ལྡེབས་རིས་ཀྱི་སྒྱུ་རྩལ་དང་གནའ་དཔེའི་རི་མོའི་སྒྱུ་རྩལ་གཉིས་བསྡུར་ན་ལྡེབས་རིས་ཀྱི་རི་མོའི་སྒྱུ་རྩལ་ལ་ཡུལ་དུས་ཀྱི་ཉམས་གསོའི་དབང་གིས་འཕེལ་འགྱུར་མང་པོ་ཞིག་བྱུང་བར་སེམས། དེ་དང་འདྲ་བར་ཡུལ་ལུང་སོ་སོར་རི་མོ་དར་ཁྱབ་མི་འདྲ་བའི་དབང་གིས་གསུང་རབ་གླེགས་ཤིང་གི་རི་མོའི་སྒྱུ་རྩལ་ཡང་མི་འདྲ་བ་བྱུང་ཡོད།

      སྔོན་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ(གྲྭ་ལྔའི་རྒྱལ་པོ1432-1496)སྐབས་གོང་དཀར་རྫོང་དུ་བཞེངས་གནང་བའི་ས་སྐྱ་གོང་མ་ལྔའི་གསུང་འབུམ་དང་རྗེ་ཙོང་ཁ་པའི་གསུང་འབུམ་དགའ་ལྡན་དཔར་རྙིང་དག་ལ་རི་མོས་བརྒྱན་པའི་གླེགས་ཤིང་མཆིས་ན། གླེགས་ཤིང་དེ་དག་གི་རི་མོའི་འབྲི་རྒྱུན་ཐད་ལ་མཁྱེན་ལུགས་ཀྱི་རི་མོའི་ཉམས་འགྱུར་བཞུགས་ཡོད་པ་སྨོས་ཅི་དགོས།

      གླེགས་ཤིང་ཐོག་ཏུ་རི་མོ་བརྐོ་འབྲི་བྱེད་པའི་སྲོལ་དེ་དར་བ་ནས་བཟུང་། གླེགས་ཤིང་གི་ཕྱི་ནང་གཉིས་དང་གཡས་གཡོན་གྱི་གདོང་བཅས་ལ་རི་མོ་བརྐོ་འབྲི་གནང་གི་ཡོད། གླེགས་ཤིང་ཕྱི་ངོས་སུ་མང་ཆེ་ཤོས་སུ་རི་མོ་འབུར་བརྐོས་ཅན་མང་ཆེ་བ་ཡིན། ད་ལྟ་ང་ཚོས་མཐོང་འབེལ་ཤོས་ཀྱི་འབུར་བརྐོས་ནི་ཤེར་ཕྱིན་ཡུམ་དང་སངས་རྒྱས་སྟོང་སྐུ་དང་ཚེ་ལྷ་རྣམ་གསུམ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་ཡིན།ནང་གི་རི་མོ་ལ་འབྲི་འབུར་བརྐོས་གཉིས་ཀ་ཡོད་རུང་། སྤྱིར་རིན་ཆེན་སྣ་ལྔའི་རྒྱུ་ཆས་འབྲི་བཞེངས་གནང་བའི་གླེགས་བམ་གྱི་གླེགས་ཤིང་ཞིག་ཡིན་ན། སྟེང་གི་གླེགས་ཤིང་ནང་དུ་དུས་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྣང་བརྙན། འོག་གི་གླེགས་ཤིང་དུ་སྤྱིར་བཏང་བྱས་ན་ཆོས་སྐྱོང་སྲུང་མ་ཁག་གི་སྣང་བརྙན་བརྐོས་འབྲི་བྱས་པ་མཐོང་བ་མང་། མདུན་གྱི་གླེགས་ཤིང་ནང་དུ་འབྲི་བཞེངས་གནང་བའི་རི་མོ་དེའི་ངོ་གདོང་དུ་གོས་ཆེན་སྣ་ལྔའི་ཞལ་ཁེབས་བཏང་གནང་བ་ཡང་མཇལ་རྒྱུ་འདུག  གླེགས་ཤིང་དེ་གྲས་ནི་བསྟན་པ་ཕྱི་དར་ཏེ་དུས་རབས12པའི་སྐབས་དར་བ་ནས་བཟུང་རིམ་བཞིན་དར་ཁྱབ་བྱུང་བ་ཞིག་མངོན། དེའི་གདོང་གཡས་གཡོན་དུ་འབུར་བརྐོས་ཀྱི་པོད་དེའི་པོད་གྲངས་མཚོན་བྱེད་ཀྱི་ཀ་མད་གོ་རིམ། ནང་དོན་མདོ་སྔགས་གང་ཡིན་མིན་དང་། སྐུ་ཡི་མཚོན་དོན་དུ་དུས་གསུམ་སངས་རྒྱས་ཀྱི་སྣང་བརྙན་སོགས་དང་ཐུགས་ཀྱི་མཚོན་བྱེད་དུ་མཆོད་རྟེན། དེ་མིན་སྤྲིན་རིས་གྱིས་བརྒྱན་པའི་ཛྷི་པར་དང་ལཛྙའི་མ་ཎི་ཡིག་དྲུག་བརྐོས་པ་ཡང་ཡོད་པ་མི་དབང་རྟོགས་བརྗོད་དུ། གླེགས་ཤིང་གསེར་ཤོག་གིས་ཡོངས་སུ་རྫོགས་པར་གཡོགས་པ་ལ་ཚོན་བཀྲ་སྣ་ཚོགས་པས་མིག་གི་བདུད་རྩིར་བྱས་ཤིང་། དེའི་གདོང་བརྐོས་ཀྱང་ལྕགས་ལས་དཀྲོལ་ཞིང་གསེར་སྦྱངས་ཀྱིས་གཡོགས་པ་མེ་ཏོག་འཁོར་རྒྱུགས་ཀྱི་དབུས་སུ་ཨོ་ཨ་མ་ར་ཎི་ཝཱ་ནཱི་ཡེ་སཱ་ཧཱ་ཞེས་པའི་རི་མོས་མཚར་དུ་དངར་བར་བྱས་ཡོད།2ཅེས་པ་དང་རྟ་ཚག་བསྟན་པའི་མགོན་པོས་གསུངས་དོན། གླེགས་ཤིང་རྣམས་གསེར་སྦྱངས་ཞུན་མའི་སྣང་བར་བསྒྱུར་མི་དྭགས་པོ་དབུ་ཆེན་མགོན་པོ་དང་བྱིངས་འཆི་མེད་ཅན་མི་གཉིས། དེའི་སྟེང་རི་མོ་རྒྱགས་མི་བརྐོས་པ་དར་རྒྱས་དང་རྨེ་རུ་བློ་བཟང་རབ་རྒྱས། ཟུར་འཕྱོངས་དབུ་མཛད་པདྨ་སོགས་མི་གསུམ། གདོང་ཤན་བཟོ་ལས་པ་ཚག་པ་དབུ་མཛད་རྡོ་རྗེ་དང་རྡོར་ཕུན་སོགས་བྱིངས་མི་བཞི། གོས་དར་ཞལ་ཁེབས་འཚེམ་མི་བཟོ་ཁང་དབུ་ཆེན་ལྔ་དང་བྱིངས་གྲས་མི་བཅུ་བཞི་ཞེས་པས་སྔོན་གྱི་གླེགས་ཤིང་སྟེང་གསེར་ཞུན་དང་རི་མོ། གོས་དར་ཞལ་ཁེབས་སོགས་ཡོད་པ་ཤུགས་ལས་རྟོགས་སོ།།

       གླེགས་ཤིང་གི་སྟེང་དུ་སྒྱུ་རྩལ་མཁན་གྱི་སོར་མོའི་འདུ་བྱེད་ལ་བརྟེན་ཏེ།གསུང་རབ་དེའི་བརྗོད་བྱའི་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་ལྷ་སྐུ་དང་གསུང་རབ་དེའི་མཛད་པ་པོའམ་འགྲེལ་བྱེད་ཀྱི་མཁན་པོ་སུ་ཞིག་ཡིན་མིན་བརྐོ་འབྲིའི་བརྗོད་བྱར་བཟུང་ནས། གསུང་རབ་དེའི་གླེགས་ཤིང་དུ་རི་མོའི་ལམ་ནས་གསོན་ཉམས་ལྡན་པར་འབྲི་བརྐོས་བྱས་ཡོད་སྟབས། གླེགས་ཤིང་དེ་གསུང་རབ་གང་ཞིག་གམ་གྲུབ་མཐའ་གང་ཞིག་གི་གསུང་རབ་གླེགས་ཤིང་ཡིན་མིན་ཤེས་ཐུབ་པ་སྟེ། བོད་ཀྱི་ནང་བསྟན་སྒྱུ་རྩལ་ཞེས་པར་གླེགས་ཤིང་ཅིག་ངོ་སྤྲོད་གནང་ཡོད་པ་སྟེ་གླེགས་ཤིང་དེའི་ཆེ་ཆུང་ལི་རྨིད69/22དུས་རབས14པའི་ནང་གི་གླེགས་ཤིང་ཡིན་ཞིང་། གླེགས་ཤིང་དེ་ནི་ཕལ་ཆེར་བཀའ་བརྒྱུད་པའི་གསུང་རབ་ཀྱི་གླེགས་ཤིང་ཞིག་ཡིན། རྒྱུ་མཚན་ནི་གླེགས་ཤིང་དེའི་གཡས་ངོས་སུ་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེའི་སྣང་བརྙན་ཡོད། གཡོན་ངོས་སུ་རྗེ་བཙུན་འཇལ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཏེ་ཞལ་གསུམ་ཕྱག་བཞི་པ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། གཡོན་ངོས་ཀྱི་སྒོ་ཁྱིམ་དུ་རྡོ་རྗེ་འཛིན་པ་སྟེ་ཕྱག་ན་རྡོ་རྗེ་དང་། གཡས་ངོས་ཀྱི་སྟེང་དུ་གསུང་རབ་བསྣམས་པ་ཞིག་ཡོད། གཙོ་འཁོར་གྱི་གཡས་གཡོན་གཉིས་སུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ། རྗེ་བཙུན་འཇལ་དཔལ་དབྱངས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་དེ་ལ་གསང་སྔགས་ཀྱི་རྡོ་རྗེ་ཕུར་པའི་རྟོགས་རྣམ་གྱི་འབྲེལ་བ་མཚོན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཡོན་སྟེང་དུ་འཇམ་དཔལ་ཕྱག་གཉིས་རལ་གྲི་འཛིན་པ། གླེགས་ཤིང་དབུས་སུ་སྟོན་པ་ཤཱཀྱ་ཐུབ་པ་དང་དེ་མིན་གཡོན་ངོས་སུ་རྡོ་རྗེ་འཆང་དང་འཕགས་པ་ཡོན་ཏན། གཡས་ངོས་མ་ཎི་ཡིག་དྲུག གླེགས་ཤིང་དེའི་གཡས་ཕྱོགས་སུ་རྣམ་མགུར་ལ་མངའ་བརྙེས་པའི་མི་ལ་བཞད་པའི་རྡོ་རྗེ། མི་ལ་བཞད་པའི་རྡོ་རྗེའི་དབུ་སྟེང་དུ་དཀོན་མཆོག་གསུམ་གྱི་མཚོན་དོན་དང་བོད་ཀྱི་མཁས་པ་གཉིས་པ་ཡོད། ཅེས་པ་ལ་ང་ཚོས་བསམ་གཞིགས་ནན་པོ་ཞིག་གནང་བ་ཡིན་ན། གླེགས་ཤིང་དེའི་རི་མོའི་བརྗོད་བྱའི་ནང་དོན་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་འཇམ་དཔལ་དབྱངས་ཕུད་པའི་ཚེ་གཅིག་ལུས་གཅིག་ལ་གྲུབ་པ་ཐོབ་པའི་མི་ལ་བཞད་པའི་རྡོ་རྗེའི་སྐུ་བརྙན་བརྐོས་ཡོད་གཤིས། གླེགས་ཤིང་དེ་རྒྱ་ཆེ་ས་ནས་ཞུས་ན་བཀའ་བརྒྱུད་པའི་གསུང་རབ་ཀྱི་གླེགས་ཤིང་ཞིག་དང་དོག་ས་ནས་ཞུས་ན་མི་ལ་བཞད་པའི་རྡོ་རྗེའི་གསུང་འབུམ་གྱི་གླེགས་ཤིང་ཡིན་པར་སེམས།

གླེགས་ཤིང་འདི་ནི་དུས་རབས15-16པའི་ནང་དུ་བཞེངས་པའི་གླེགས་ཤིང་ཞིག་ཡིན་སྙམ། གླེགས་ཤིང་དེའི་དབུས་སུ་ཤེར་ཕྱིན་ཡུམ་དང་དེའི་གཡས་གཡོན་གཉིས་སུ་སྐུ་བརྙན་གྱིས་བརྒྱན་ཡོད། གཡས་ངོས་ནས་གཡོན་གྱི་གྲལ་དང་པོར་་་་་་་་ན་མོ། མྱ་ངན་མེད་པའི་དཔལ་ལ་ན་མོ། རིན་ཆེན་འོད་འཕྲོ་ལ་ན་མོ། རྒྱལ་བའི་དབང་པོ་ལ་ན་མོ། ཏིང་ངེ་འཛིན་གྱི་དབང་པོ་ལ་ན་མོ། དཔལ་མོ་དམ་པའི་དཔལ་ལ་ན་མོ། ཉི་མའི་དཀྱིལ་འཁོར་ལ་ན་མོ།་་་་་་་་་་་་། གཡས་ངོས་ནས་གཡོན་ངོས་ཀྱི་གྲལ་གཉིས་པ། བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་བྱུང་བ་ལ་ན་མོ། བྱང་ཆུབ་སེམས་དཔའ་མྱ་ངན་མེད་པ་ལ་ན་མོ། བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་ལ་ན་མོ།་་་་་་་་་་་་་་་ན་མོ། གཡས་ངོས་ནས་གཡོན་ངོས་ཀྱི་གྲལ་གསུམ་པར་་་་་་་་ན་མོ།་་་་་་་་་ན་མོ།་་་་་་་་་་་ན་མོ།་་་་་་་་་་་་་ན་མོ།་་་་་་་་་་་་ན་མོ།་་་་་་་་་་ན་མོ།ཞེས་མཚན་བྱང་དང་ལྡན་པར་བྲིས་འདུག གླེགས་ཤིང་དེའི་ཆེ་ཆུང་དང་རི་མོའི་བརྗོད་བྱ་སོགས་ལ་བལྟས་ན་དུས་རབས15-16པར་བཞེངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེར་ཕྱིན་གྱི་གླེགས་ཤིང་ཞིག་ཡིན་ངེས་ལགས། གང་ཡིན་ཟེར་ན། གླེགས་ཤིང་དེའི་ནང་དུ་བྲིས་པའི་ཤེར་ཕྱིན་ཡུམ་གཙོ་འཁོར་དང་བཅས་པར་དུས་རབས15-16བར་གྱི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ཞིག་དང་། ཤེར་ཕྱིན་ཡུམ་དམ་པ་དེའི་ཕྱག་གཡོན་དུ་པུ་ཏི་ཞིག་བསྣམས་ཡོད་པ་དེ་ནི་ཤེར་ཕྱིན་གྱི་པུ་ཏི་ཞིག་ཡིན་པའི་ཆ་ནས་གླེགས་ཤིང་དེ་ཤེར་ཕྱིན་ཤོག་མོ་ཆེ་ཞིག་གི་གླེགས་ཤིང་ཡིན་པ་དེ་བས་ངེས་པ་རྙེད། ད་ལྟ་རང་རེ་རྣམས་ཀྱིས་མཇལ་ཐུབ་པའི་ཤེར་ཕྱིན་པོད་གྱི་བམ་པོའི་རྫོགས་མཚམས་དང་། གླེགས་ཤིང་སྟེང་དུ་སྤྱིར་གྱི་ཆ་ནས་ཤེར་ཕྱིན་ཡུམ་བཀོད་པ་ཤ་སྟག་ཏུ་འདུག དེ་དང་འདྲ་བར་མདོ་སྡེ་བསྐལ་བཟང་གི་གླེགས་ཤིང་ཡིན་ན་སྤྱིར་གྱི་ཆ་ནས་སངས་རྒྱས་སྟོང་སྐུ་བརྐོས་པ་ཞིག་ཡིན་མོད། འོན་ཏེ་ཆབ་མདོ་ཁུལ་དུ་དུས་རབས17-18པར་བཞེངས་པའི་མདོ་སྡེ་བསྐལ་བཟང་མང་པོ་ཞིག་གི་གླེགས་ཤིང་དུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་བརྐོས་པའི་དར་སྲོལ་ཞིག་བྱུང་འདུག  ནང་པའི་སྐུ་གསུང་ཐུགས་རྟེན་གྱི་སྟེང་དུ་གོང་གི་རི་མོ་དེ་དག་བཀོད་པའི་སྲོལ་ནི་རྒྱ་བོད་གཉིས་ཀྱི་ཡུལ་དུ་དུས་སྔ་མོ་ཞིག་ནས་བྱུང་ཡོད་པར་སྣང་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་བཞེངས་པའི་མཆོད་རྟེན་ཞིག་རོ་ཞིག་ནས་རྙེད་སོན་བྱུང་བའི་རྡོ་བརྐོས་ཀྱི་སྟེང་དུ་རྒྱལ་སྲིད་སྣ་བདུན་བཀོད་འདུག་ཅེས་རྒྱ་གར་གྱི་མཛེས་རྩལ་ཞེས་པའི་ནང་དུ་བཤད་འདུག བོད་ལ་འུ་ཤང་རྡོའི་ཕོ་བྲང་གི་ཤུལ་དུ་ལུས་པའི་རྡོ་རིང་རྐེད་ཆགས་སུ་སོང་བ་ཞིག་གི་རྒྱབ་མདུན་གང་ཡིན་མ་ཤེས་ཀྱང་ཕྱོགས་གཅིག་ལ་རྒྱལ་སྲིད་སྣ་བདུན་དང་ཕྱོགས་གཞན་ཞིག་ལ་བཀྲ་ཤིས་རྟགས་བརྒྱད་བརྐོས་པ་མཇལ་རྒྱུ་འདུག དེར་བརྟེན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་བརྐོས་པའི་སྲོལ་དེ་དུས་སྔ་མོ་ཞིག་ནས་བྱུང་ཡོད་པར་སྣང་།།

གླེགས་ཤིང་ཁ་ཤས་ཀྱི་ནང་ངོས་སུ་གཞུང་དེ་དང་འབྲེལ་བ་དམ་པོ་ཡོད་པའི་སྐུ་བརྙན་ཕུད་པའི་གཞུང་དེའི་དཀར་ཆག་དང་སུའི་ཐུགས་དམ་ཡིན་མིན་སོགས་བྲིས་ཡོད་པ་སྟེ། དཔལ་ཞ་ལུ་དགོན་གྱི་བཀའ་འགྱུར་ལྷ་ཁང་དུ་བཞུགས་པའི་ཤེར་ཕྱིན་ཞིག་གི་གླེགས་ཤིང་ནང་ངོས་སུ་༄།ཨེ་མ་ཧོ།མི་མཆོག་དགེ་སློང་རིན་ཆེན་བཀྲ་ཤིས་ཀྱི་ཐུགས་དམ་ཉི་ཁྲིའི་གླེགས་ཤིང་གི་ཞབས་པད་་་་་་་རིན་མཁས་པ་བརྐོས།་་་ཡོངས་ཀྱི་མཆོད་གནས་མཉེས།ཡོན་བདག་བཀྲ་ཤིས་བདེ་ལེགས་ཤོག་།དགེའོ་།ཞེས་དང་སེ་ར་ཐེག་ཆེན་གླིང་དང་ཕོ་བྲང་པོ་ཏ་ལར་བཞུགས་པའི་ཡུང་ལོའི་བཀའ་འགྱུར་གླེགས་ཤིང་ནང་ངོས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་པོད་སོ་སོའི་དཀར་ཆག་བརྐོས་ཡོད་པ་འདི་ལྟར།༄།རྒྱུད་ཀྱི་ཞ་དུམ་ཉི་ཤུ་རྩ་གཅིག་པ།།ལྷ་མོ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྒྱུད།།གསང་བ་སྙིང་པོའི་དེ་ཁོ་ན་ཉིད་སྒྱུ་འཕྲུལ་བླ་མ་ཆེན་པོ།།འཕགས་པ་འཇམ་དཔལ་ལས་བཞིའི་འཁོར་ལོ་གསང་བ་རྒྱུད།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བའི་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ།།དཔལ་ཧེ་རུ་ཀ་སྙིང་རྗེ་རོལ་པའི་རྒྱུད་གསང་བ་ཟབ་མོའི་མཆོག་ཅེས་བྱ་བ།།ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ།།ཉེ་བའི་སྙིང་པོ་མཆོག་ཅེས་བྱ་བ།།འབྲས་བུ་ཆེན་པོ་ལྔ་བསྒལ་བའོ།།བདེ་གཤེགས་རིགས་ལྔ་ཅེས་བྱ་བ།།བདུས་རྩི་སྤྱོད་པའི་ཐབས།།བདུད་རྩི་བུམ་པའི་ལུང་།།མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད།།དྲགས་སྔགས་འདུས་པ་རྡོ་རྗེ་རྩེ་བའི་རྒྱུད་ཞེས་བྱ་བ།།འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཞེས་བྱ་བ།།རྣམས་བཞུགས་སོ།秘密经第二十一圈,大幻化网佛母续,密心珍宝性幻化无上本续,胜者文殊四行密轮本性,一切如来无上秘密慈念游岁良玛本性,吉祥号鲁噶慈悲游岁堪深蜜意本续,一切忠皆成就五甘露胜近心藏本续,能超五大果本续,五智如来方便成就甘露本续,指修甘露本续,集金刚急行咒根本本续,世间供赞修习根本续དེས་ན་དཔལ་ཞ་ལུ་དགོན་གྱི་གླེགས་ཤིང་ནང་ངོས་ཀྱི་བརྗོད་བྱར་བལྟས་ན། གླེགས་ཤིང་དེ་ལས་ཞ་ལུའི་མི་མཆོག་རིན་ཆེན་བཀྲ་ཤིས་ཀྱི་ཐུགས་དམ་དུ་བཞེངས་པའི་ཤེར་ཕྱིན་པོད་ཉི་ཁྲིའི་གླེགས་ཤིང་ཡིན་པ་དེ་གསལ། གླེགས་ཤིང་དེའི་ཕྱི་ངོས་ཀྱི་ཞིབ་ཚགས་ཆེ་བའི་བརྐོས་རྒྱག་མཁན་གྱི་མཚན་དང་ཡོན་བདག་སུས་བྱས་ཡོད་མེད་བསྟན་པ་དེ་ཡིན། པོ་ཏ་ལ་དང་སེ་ར་དགོན་དུ་བཞུགས་པའི་གླེགས་ཤིང་ནང་དུ་བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་ཆོས་ཚན་གྱི་དཀར་ཆག་བཀོད་པ་དེ་ནི་ཡུང་ལོའི་བཀའ་འགྱུར་རྒྱུད་པོད་ཞ་པ་དེའི་གླེགས་ཤིང་ཡིན་པ་བཅས་གསལ་པོར་ཤེས་ཐུབ་པ་ནི་གླེགས་ཤིང་དེའི་ཆེ་ཆུང་དང་ཚོན་རྩི། ལྷག་དོན་དུ་ཡུང་ལོའི་སྐབས་སུ་བོད་ཡིག་གནའ་དཔེ་རྒྱ་ནག་དུ་དཔར་ལ་བཏབ་པའི་གནའ་དཔེ་མཐའ་དག་གི་དཔར་བྱང་དུ་ཧོར་དཔར་མ་དང་མི་འདྲ་བར་བོད་རྒྱ་ཤན་སྦྱར་གྱིས་དཀར་ཆག་དང་དཔར་བྱང་སྦྱར་བའི་ཁྱད་ཆོས་འདུག

གླེགས་ཤིང་ལི་རྨིད60/18 འདིའི་ནང་ངོས་སུ་“揭谛,揭谛,波罗揭谛,波罗僧揭谛,菩提心萨婆诃。”ཞེས་རྒྱ་ཡིག་འདི་ལྟར་བྲིས་འདུག རྒྱ་ཡིག་ཡི་གེ་བཅུ་དྲུག་དེར་ཞིབ་འཇུག་བྱས་པ་ལྟར་ན། དེ་ནི་ལེགས་སྦྱར་སྐད་རྒྱ་ནག་སྐད་དུ་སྒྲ་བསྒྱུར་བྱས་ནས་བྲིས་པ་ཞིག་རེད་འདུག ལེགས་སྦྱར་དེ་ནི་ཤེར་ཕྱིན་སྙིང་པོའི་ཞབས་ཤོག་གི་ལེགས་སྦྱར་སྟེ་ཏུན་ཧོངpt448ཤེར་ཕྱིན་སྙིང་པོར་揭谛,揭谛,འག་ཏི།འག་ཏི་སྟེ་བོད་ཡིག་གི་དོན་ནི། སོང་ཞིག་སོང་ཞིག(སོང་ཤིག་སྔ་མ་ནི་ལམ་ལྔའི་ནང་ནས་ཚོགས་ལམ་དང་། སོང་ཤིག་ཕྱི་མ་ནི་སྦྱོར་ལམ་སྟེ་དེར་སོང་ཤིག་ཅེས་པའི་དོན་ཡིན།) 波罗揭谛,པ་ར་འག་ཏི། བོད་ཡིག་དོན་ནི་ཕ་རོལ་དུ་སོང་ཞིག(ཕ་རོལ་མཐོང་ལམ་དུ་སོང་ཤིག) 波罗僧揭谛,པ་ར་སང་འག་ཏི། བོད་ཡིག་དོན་ནི།ཕ་རོལ་ཏུ་ཡང་དག་པར་སོང་ཞིག(ཕ་རོལ་སྒོམ་ལམ་དུ་ཡང་དག་པར་སོང་ཤིག) 菩提心萨婆诃。བུ་ཏི་སིམ་སྭ་ཧཱ། བོད་ཡིག་ཏུ་ཕ་རོལ་དུ་བྱང་ཆུབ་ཏུ་གཞི་ཚུགས(བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་སར་སོང་ཤིག)ཞེས་པའི་དོན་ཡིན་གཤིས། དེས་ན་རྒྱ་ཡིག་བྲིས་པའི་གླེགས་ཤིང་དེ་ནི་ཤེར་ཕྱིན་སྙིང་པོ་ཞིག་གིས་གླེགས་ཤིང་ཡིན་ནོ། །


  • 顶 0