བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ལུགས་ཆེན་པོ་བཞི།

2018-12-13
0

 

   བོད་ཀྱི་རི་མོའི་སྒྱུ་རྩལ་འདི་ནི་འཛམ་གླིང་མི་རིགས་གཞན་ལ་ངོམ་ཆོག་ཆོག་གི་རང་མི་རིགས་ཀྱི་རིག་པའི་དཔལ་ཡོན་ཞིག་ཡིན་པར་མ་ཟད། བོད་རང་གནས་ཀྱི་ཆོས་ལུགས་དང་། ལོ་རྒྱུས། འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པའི་བསམ་བློའི་ཐོན་རྫས་ཤིག་ཀྱང་ཡིན།

  བྱིའུ་སྒང་ལུགས་ཀྱི་རི་མོ་ནི་དུས་རབས་བཅུ་གསུམ་པའི་ནང་ལྷོ་ཁ་ཡར་ཀླུང་དུ་སྐུ་འཁྲུངས་པའི་བོད་ཀྱི་རི་མོ་བ་ཡར་སྟོད་བྱིའུ་སྒང་པས་གསར་གཏོད་མཛད་པ་དང་། བྱིའུ་སྒང་པའི་ལུགས་ཀྱི་རི་མོའི་ཁྱད་ཆོས་གཙོ་བོ་ནི་བལ་ལུགས་བྲིས་རྒྱུན་གྱི་ལེགས་ཆ་དག་སོར་བཞག་བྱས་ཏེ། བྱུགས་མདངས་གཙོ་བོ་བྱས་པས་ཚོན་གྱི་ཁ་དོག་དྭངས་ཤིང་ལི་ཁྲི་དང་དམར་པོ་ཤས་ཆེ་བའི་གོས་མདངས་བྱས་པ་ཉུང་། ཁྲོ་བོ་རྣམས་གཟུགས་ཐུང་ཞིང་དབུ་དང་ཕྱལ་ཆེ་བ། སྤྱིའི་བཀོད་པ་ཆ་ནས་གཙོ་སྐུ་ཆེ་ཞིང་འཁོར་རྣམས་དྲ་མིག་དང་ཤིང་ལོ་པ་ཏྲ་གོར་གོར་ནང་དུ་བྲིས་པ་སོགས་བལ་བྲིས་ཀྱི་ཤན་ཞུགས་ཅུང་ཆེ་བ་དང་། རྒྱབ་ཡོལ་དང་། མེ་རི། ན་བཟའ་སོགས་ཧ་ཅང་བག་ཆགས་ཤིང་ཞི་ཉམས་ཤིག་མངོན་ཏེ། སྐྱ་ཚོན་སྟེང་དུ་རྩ་བའི་ཚོན་གྱིས་གཤོང་ནས་རི་མོའི་ཉམས་མཛེས་ཤིང་ཡིད་དུ་འོང་བ་བུད་པ་སོགས་ཁྱད་ཆོས་དུ་མ་ཡོད། དེར་བརྟེན། རི་མོ་བ་ཞིག་ལ་མཚོན་ན་ལག་བདེ་བ་ཙམ་གྱིས་མི་ཆོག་སྟེ། བློ་དང་རིག་པ་ཐབས་ལམ་སྣ་ཚོགས་ལ་བརྟེན་པ་སོགས་དགོས་གལ་ཆེའོ། །

 

  བྱིའུ་སྒང་ལུགས་ཀྱི་གཙུག་ཏོར་རྣམ་རྒྱལ་མ།

  མཁྱེན་བརྩེ་ལུགས་ནི་དུས་རབས་བཅོ་ལྔ་པའི་དུས་འགོ་རུ་གོང་དཀར་སྒང་སྟོད་པ་མཁྱེན་བརྩེ་ཆེན་མོས་གསར་གཏོད་མཛད་པ་དང་། བལ་ལུགས་དང་བྱིའུ་སྒང་ལུགས་གཉིས་རྨང་གཞིར་བཟུང་པའི་ལེགས་ཆ་འགའ་སོར་བཞག་བྱས་ཏེ། ཚོན་མདངས། བཅད། གོས་རིས། སྐུ་ཚུགས་ཐད་སྔོན་གྱི་བལ་ལུགས་དང་བྱིའུ་སྒང་ལུགས་གཉིས་ལས་བསྡུར་ན་བོད་མི་རང་གི་ཁྱད་ཆོས་ལྡན། སྐུའི་ཉམས་འགྱུར་ལྡན་པ་དང་། ཞབས་ཕྱག་མཉེན་ཆ་ཆེ་བ། ལྷ་ཞི་བའི་རིགས་ལ་སྤྱིའི་ཆ་ནས་ཧ་ཅང་བགྲེས་པོའི་ཉམས་མཐོང་བ་དཀོན་ལ། ལང་ཚོ་དར་ལ་བབ་པའི་སྣང་བ་ཞིག་སྟེར། དེའང་སྒྱུ་རྩལ་པ་རང་ཉིད་ཀྱི་སེམས་ཁམས་དང་བསྟུན་ནས་རང་བྱུང་གིས་བསམ་བློའི་ལྟ་བ་ཞིག་ཡིན་པར་ངེས། ཁྲོ་བོ་རྣམས་ཀྱི་ཞལ་ཁྱིམ་ཅུང་ཟད་འབུར་ཚུགས་ལྡན་པ་དང་། ཁྲིའི་རྒྱབ་ཡོལ་དང་། ཁྲོ་བོའི་རྒྱབ་ཡོལ་གྱི་མེ་རིའི་པ་ཏྲ་སོགས་ཞིབ་ཀྱིས་བལྟས་ན། རྒྱབ་ཡོལ་གྱི་ཤིང་ལོའི་པ་ཏྲའམ་མེ་རིའི་པ་ཏྲ་གང་ཞིག་ཡིན་ཡང་རི་མོ་སྤྱིའི་བཀོད་པ་ཆ་ནས་ཧ་ཅང་འབྲི་དཀའ་བར་སྣང་ཡང་དོན་དུ་རི་མོ་རྣམ་པ་གཅིག་གིས་གྲུབ་པ་ཡིན་ཏེ། དེར་བརྟེན། ང་ཚོས་རི་མོ་ལ་ཞིབ་འཇུག་བྱེད་དུས་རི་མོའི་དབྱིབས་དང་ཁ་དོག་ལ་བརྟེན་ནས་བཤད་དགོས་པ་མ་གཏོགས་ཁོང་ནི་བྲིས་རྒྱུན་གང་གི་སློབ་མ་ཡིན་ཕྱིར་རི་མོའི་ཁྱད་ཆོས་ཀྱང་དེ་ལས་མ་འདས་ཞེས་བཤད་མི་རུང་ངོ་། །

 

  མཁྱེན་བརྩེ་ལུགས་ཀྱི་གུ་རུ་ཉི་མ་འོད་ཟེར།

  སྨན་ཐང་ལུགས་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་སྐུ་འཁྲུངས་པའི་རི་མོ་བ་སྨན་བླ་དོན་གྲུབ་ཀྱིས་གསར་གཏོད་མཛད་པ་དང་། སྨན་ཐང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི་བྱིའུ་སྒང་ལུགས་ཀྱི་རི་མོ་རྨང་གཞི་བྱས་པའི་ཐོག་ཏུ། དེ་ལ་ལེགས་བཅོས་མཛད་པའི་སྒོ་ནས་རྒྱ་བོད་བལ་གསུམ་ལས་གྲུབ་པ་ཞིག་ཡིན་ཏེ། ཞི་བ་རྣམས་ཀྱི་བཞིན་དབྱིབས་ཟླུམ་པོ་དང་། ཕྱག་ཞབས་གཉེན་ཆ་ཆེ་བའི་ངང་ཉམས་ཚུགས་དོད་པ། ལྷ་མོ་རྣམས་ཀྱི་བཞིན་སྒོང་དབྱིབས་ལྟར་དུ་སྤྱན་ཕྲ་ཞིང་ཅུང་རིང་བ། ཤངས་ཞལ་ཅུང་ཆུང་བ། གོང་གི་བྱིའུ་སྒང་ལུགས་དང་སྡུར་ན་རི་མོ་སྤྱིའི་ཆ་ནས་འགྱུར་ལྡོག་ཆེན་པོ་བྱུང་ཏེ། རི་ཆུ་དང་། ལྗོན་ཤིང་། རི་དྭགས་དང་འདབ་ཆགས་སོགས་མཛེས་པ་གསར་སྣོན་བྱས་པའི་ཡིད་དབང་འཕྲོག་པ་དང་། སྒར་བྲིས་དང་སྡུར་ན་སྨན་ཐང་ལུགས་ཀྱི་ཁྱད་ཆོས་ཞིག་ནི་ཁྲོ་བོ་རྣམས་ལ་ཞི་ཁྲོ་གཉིས་ཀྱི་ཉམས་ཤིག་མངོན་ཏེ། དུས་རབས་བཅོ་བརྒྱད་པའི་དུས་འགོར་བྱུང་བའི་རི་མོ་བ་གྲགས་ཅན་གྲུ་པ་ཕུར་བུ་ཚེ་རིང་དང་འ་ལྷ་བཟོ་སོགས་ཀྱི་ཕྱག་བྲིས་ལས་མཐོང་ཐུབ། ཁ་དོག་གི་ཆ་ནས་མཐིང་སྤང་ཤས་ཅུང་ཆེ་བ་སྟེ། ཚོན་མདངས་རྣམ་པ་བཀྲ་བ། བཅད་དང་གསེར་རིས་ཞིབ་ཅིང་ཕྲ་བ་བཅས་སོ། །

   

  སྨན་བླ་དོན་འགྲུབ་ཀྱི་ཕྱག་བྲིས་སྟོན་པ་གཙོ་འཁོར་གསུམ།

  ཀརྨ་སྒར་བྲིས་ཀྱི་ལུགས་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ནས་དུས་རབས་བཅུ་བདུན་པའི་དུས་དཀྱིལ་བར་དུ་གནས་པའི་ཀརྨ་པའི་ཆོས་ཚོགས་འཛམ་གླིང་རྒྱན་ཞེས་པའི་ཆོས་སྒར་ཆེན་པོ་དེའི་ནང་རི་མོ་འདིའི་སྲོལ་གསར་དུ་དར་བའི་སྒར་བྲིས་ཞེས་མིང་ཐོགས་པ་དང་། ལུགས་འདིའི་སྲོལ་གཏོད་པ་པོ་ནི་སྒར་ཆེན་གྱི་བླ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞེས་པ་དེ་ཡིན་ཏེ། ཀརྨ་སྒར་བྲིས་ཞེས་རྒྱ་ཕྱི་ནང་ཀུན་དུ་མཚན་སྙན་འབྲུག་ལྟར་གྲགས་བཞིན་ཡོད་པ་དང་། ལུགས་འདིའི་རྒྱུན་མ་ཆད་པར་ད་ལྟ་ལའང་སློབ་བུ་རྒྱུན་འཛིན་པ་གྲངས་ལས་འདས་པ་ཡོད། ཀརྨ་སྒར་བྲིས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཡུལ་ལྗོངས་བཀོད་པ་མཛེས་པ་དང་། ཚོན་གྱི་ཁ་དོག་སྣུམ་ཁ་ལྡན་པ། ལྷ་དང་མི་སྣའི་ཉམས་འགྱུར་གསོན་ཉམས་ལྡན་པ། སྤྱིའི་རི་མོའི་བཀོད་པའི་ཆ་ནས་ལྷ་དང་མི་སོགས་ཆུང་ལ་ས་གཞི་བར་སྟོང་ཆེ་བས། རི་བོ་ལས་མི་ཆེ་བ་དང་། ཤིང་སྡོང་ལས་ལྷ་སྐུ་རིང་བ་སོགས་ཀྱི་སྐྱོན་རྣམས་ལེགས་བཅོས་མཛད་ཡོད་དེ། མེ་རི། ཤིང་ལོ། ན་བཟའ། ཤིང་སྡོང་། རྒྱབ་ཡོལ་སོགས་ཀྱི་འབྲི་ལུགས་ཆ་ནས་སྨན་མཁྱེན་གཉིས་དང་ཁྱད་པ་ཆེན་པོ་ཡོད་པ་བཅས་སོ། །

  

  སྒར་བྲིས་ལུགས་ཀྱི་གནས་བརྟན་མ་ཕམ་པ།

  • 顶 0