དགང་གཟར་བླུགས།

2018-12-07
0

 

   དགང་གཟར་བླུགས་ཞེས་པ་ཚིག་མཛོད་ཆེན་མོ་ལས། སྦྱིན་སྲེག་གི་མཛད་སྒོའི་སྐབས་བེད་སྤྱོད་པའི་ཡོ་བྱད་དགང་གཟར་དང་བླུགས་གཟར་གཉིས་ཀྱི་བསྡུས་མིང་། དགང་གཟར་ཞེས་པ་སྦྱིན་སྲེག་གི་གཟར་བུ་མགོ་གྲུ་བཞི་མ། བླུགས་གཟར་ཞེས་པ་སྦྱིན་སྲེག་སྐབས་མར་ཁུ་བླུག་བྱེད་ཀྱི་གཟར་བུ། ཞེས་གསུངས་པའི་ཕྱིར།

  དགང་གཟར་བླུགས་ཞེས་པ་ཚིག་མཛོད་ཆེན་མོ་ལས། སྦྱིན་སྲེག་གི་མཛད་སྒོའི་སྐབས་བེད་སྤྱོད་པའི་ཡོ་བྱད་དགང་གཟར་དང་བླུགས་གཟར་གཉིས་ཀྱི་བསྡུས་མིང་། དགང་གཟར་ཞེས་པ་སྦྱིན་སྲེག་གི་གཟར་བུ་མགོ་གྲུ་བཞི་མ། བླུགས་གཟར་ཞེས་པ་སྦྱིན་སྲེག་སྐབས་མར་ཁུ་བླུག་བྱེད་ཀྱི་གཟར་བུ། ཞེས་གསུངས་པའི་ཕྱིར།

   དགང་གཟར་བླུགས་ཀྱི་རྒྱུ་ལ་སྔགས་ཆས་རྣམ་བཤད་ལས། དགང་བླུགས་ཀྱི་རྒྱུ་ལ་གསེར་དང་། དངུལ་དང་། ཟངས་མ་དང་། ར་གན་དང་། ལྕགས་དང་། རུས་པ་དང་། སྲ་ཤིང་སོགས་མེས་མི་འཚིག་པའི་དངོས་པོ་དག་ལ་བྱ་རུང་བ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་རྒྱུད་ལས། གསེར་རམ་དངུལ་ལམ་ཟངས་མའམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང་། །ཞེས་གསུངས་པའི་ཕྱིར་རོ། །

 

  དགང་གཟར་བླུགས་ཀྱི་དབྱིབས་ཚད་གཉིས་ལས། དགང་གཟར་ལ་སྔགས་ཆས་རྣམ་བཤད་ལས། དགང་གཟར་ནི་ཡུ་བ་རིང་བོ་ཐེའུ་ཆུང་གི་སོར་ཉེར་བཞིའམ་ཁྲུ་གང་བའི་ཚད་ཅན་ཕྲ་སྦོམ་ལག་པ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བཟུང་དུ་རུང་བ། དེའི་ཡར་སྣེའི་སྟེང་དུ་དགང་གཟར་གྲུ་བཞི་པ་རྒྱར་སོར་བཞི་དང་ལྡན་པ། ནང་གི་ཟབས་སུ་སོར་གཉིས་ཡོད་པ། ནང་དཀྱིལ་དུ་རྡོ་རྗེའི་མཚན་པ། གྲུ་བཞི་ཁོར་ཡུག་ཏུ་སོར་ཕྱེད་ཙམ་གྱི་ཁྱོན་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། ནང་སྦུབ་ནས་བཅུད་ཐབས་སུ་འཛག་པའི་སྦུ་གུ་ཕྲ་སྦོམ་མཐེའུ་ཆུང་ཤོང་བའི་ཚད་ཙམ་སོར་ཕྱེད་ཡོད་པ། དེའི་སྣེ་མོའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སོར་བཞི་པའམ་པད་འདབ་སོར་བཞི་པས་བརྒྱན་པ། གཞིའི་ཡུ་བ་ཕྱོགས་སུ་ནོར་བུ་རིན་པོ་ཆེ་དང་རྡོ་རྗེས་བརྒྱན་པ་ལ་སོར་གསུམ་གསུམ་སྟེ་སོར་དྲུག་དང་ལྡན་པ། ཡུ་བའི་མར་སྣེར་རྡོ་རྗེ་རྩེ་ལྔ་པས་བརྒྱན་པ་ཅན་ཞིག་དགོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དགང་གཟར་རྒྱུ་དང་དབྱུག་པ་སོགས། །ཚད་དང་དབྱིབས་ལ་སོགས་པ་བཤད། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བརྐོ་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་བརྒྱན། །དེ་ཡི་སྟེང་དུ་མཆུ་སོར་བཞི། །པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །ཞེས་མཁའ་འགྲོ་རྒྱ་མཚོ་དང་། གཤིན་རྗེ་གཤེད་དམར་གྱི་རྒྱུད་ལས་ཀྱང་གསུངས་པ་དང་། རྡོ་རྗེ་འབར་བའི་རྒྱུད་ལས། དགང་གཟར་བླུགས་གཟར་སོ་སོའི་དབྱིབས། །ཡུ་བ་ཁྲུ་གང་ཚད་དུ་བྱ། །དགང་གཟར་སོར་བཞི་སོར་གཉིས་ཟབས། །ཁ་རན་སོར་གཅིག་དཀྱིལ་རྡོ་རྗེ། །ངོས་ལའང་ཡི་གེ་འབར་བ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་དགང་གཟར་ཡུ་བ་སོར་བཅུ་དྲུག་པ། །ནང་དབུས་གྲུ་གསུམ་སོར་གཉིས་ཀྱི་ཚད་དང་ལྡན་པ། རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཁོར་ཡུག་ཡོངས་སུ་བསྐོར་བ། དེའི་དབུས་སུ་སྟག་དང་སྦྲུལ་གྱི་རི་མོ་སོགས་གང་འདོད་པས་མཚན་པ། བཅུད་འཛག་པའི་སྦུ་གུ་སོར་གཅིག་པ། དེའི་སྟེང་རྡོ་རྗེ་ཁྲོ་བོ་རྡོ་རྗེ་མཆུ་ཡི་དབྱིབས་སོར་གཅིག་ཅན་དང་། དེ་མིན་གཞན་རྒྱར་སོར་བཞི་དང་ཟབས་སུ་སོར་གཉིས་པ་སོགས་གོང་ལྟར་དང་འདྲ་བ་ཞིག་ཀྱང་བྱ་རུང་པར་གསུངས་ཏེ། གཤིན་རྗེ་དགྲ་ནག་གི་རྒྱུད་ལས། དགང་གཟར་ཡུ་བ་སོར་བཅུ་དྲུག། དེ་མིན་སོར་བཞི་ཟབས་སོར་གཉིས། ཟུར་གསུམ་དབུས་སུ་སོར་གཉིས་ཚད། རྩེ་གསུམ་ཕྲེང་བས་ཡོངས་སུ་བསྐོར། །དེ་ཡི་དབུས་སུའང་མཚན་མ་སྟེ། ། སྟག་སྦྲུལ་གང་འདོད་པས་མཚན་བྱ། །ཁུ་བཅུད་འཛག་པ་སོར་གཅིག་གོ །ཁྲོ་བོ་རྡོ་རྗེ་མཆུ་ཡི་དབྱིབས། །བྱིན་རླབས་སོར་གཅིག་ཚད་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་དེ་ནི་དྲག་པོ་མངོན་སྤྱོད་ཀྱི་དགང་གཟར་ཡིན་ཞིང་། ཕུར་པ་གསང་རྒྱུད་ལས་ཀྱང་། དགང་གཟར་གྲུ་གསུམ་ཁྱུད་གང་ལ། །དཀྱིལ་དུ་ཨེ་ཡིས་མཚན་པར་བྱ། །ཟླུམ་པོ་རྡོ་རྗེ་དཀྱིལ་དུ་མཛེས། །ཞེས་དྲག་པོའི་དགང་གཟར་གྲུ་གསུམ་པ་དབུས་སུ་ཨེ་ཡིག་གིས་མཚན་པ་ཅན་དགོས་པར་གསུངས་སོ། །སྤྱིར་ལས་བཞིའི་དགང་གཟར་དང་བླུགས་གཟར་སོ་སོར་ཡོད་ལ་རྒྱུད་སོ་སོར་ཅུང་མི་འདྲ་བ་ཡང་དུ་མ་ཡོད་ཕྱིར་མཐའ་གཅིག་ཏུ་མ་ངེས་ཀྱང་། སྤྱི་ལ་རྒྱུག་ཆེ་བ་ནི་དེ་ལྟར་ཡིན་ལ་ལས་བཞི་སོ་སོར་བཞི་ཟླུམ་པོ་དང་། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་ཙམ་ལས་གཞན་ཁྱད་པར་ཆེན་པོ་མེད་ལ་ཞིབ་ཚགས་གསལ་བཤད་བྱས་པའི་ཡིག་ཆ་མིག་མཐོང་མ་བྱུང་བས་ཇི་བཞིན་བརྗོད་པར་རྔོ་མི་ཐོགས་སོ། །

  དགོན་སྡེ་དག་གིས་ཕྱག་ལེན་བྱེད་བཞིན་པའི་ཁྲོད་དུ་དགང་གཟར་ཡུ་བ་ཁྲུ་དོ་བའི་མར་སྣེར་རྡོ་རྗེ་རྩེ་ལྔ་བ་ཕྱེད་པས་བརྒྱན་པ། ཡར་སྣེར་རྡོ་རྗེ་རྒྱ་གྲམ་རྩེ་གསུམ་པའི་ལྟེ་བར་དགང་གཟར་གྱི་གཞི་རྒྱར་གྲུ་བཞི་དོར་བཞི་པ། ཁ་ཁྱེར་སོར་གཉིས་པ། ཟབས་སུ་སོར་གཉིས་པ། དབུས་གྲུ་གསུམ་གྱི་ཁ་ལ་ཕྱོགས་གསུམ་དུ་རྡོ་རྗེ་ཕྱེད་པས་བརྒྱན་པ། ནང་དུ་རྡོ་རྗེ་ཕྱེད་པ་གསུམ་ཡོད་པ། གཞིའི་ཁ་ཁྱེར་ལ་རྡོ་རྗེ་དང་མེ་རའི་ཕྲེང་བ་ཡོད་པ། རིམ་པ་ཕྱི་ནང་གི་ཁ་ཁྱེར་ལ་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ། ཡུ་བའི་དབུས་སུ་རྒྱ་མདུད་ཡོད་པ་ཞིག་དང་། བླུགས་གཟར་རྡོ་རྗེ་རྩེ་གསུམ་པ་ཕྱེད་པའི་ལྟེ་བ་ནས་ཐོན་པའི་ཆུ་སྲིན་ཀྱི་ཁར་ཐོད་གཟར་དང་། ཡར་སྣེར་རྡོ་རྗེ་རྩེ་གསུམ་པ་ཕྱེད་པས་བརྒྱན་པ། རྡོ་རྗེ་ཕྱེད་པ་ཐོད་གཟར་དང་བཅས་པའི་སྲིད་དུ་སོར་བརྒྱད་དང་ཐོད་གཟར་གྱི་ཞེང་ལ་སོར་སོར་གསུམ་ཡོད་པ་ཞིག་དང་། ཡང་དགང་གཟར་ཡུ་བ་ཤིན་ཏུ་རིང་པོ་སོར་སོ་དྲུག་ཙམ་ཡོད་པ་ལ་རྒྱར་གྲུ་བཞི་སོར་བཞི་པ། ནང་རིམ་གསུམ་གྱི་བར་བ་ཟླུམ་པོ་དང་ནང་མ་གྲུ་གསུམ་པ། ནང་གྲུ་གསུམ་གྱི་དབུས་སུ་རྡོ་རྗེས་མཚན་པ། ནང་རིམ་ཟླུམ་པོའི་ཕྱོགས་བཞིར་ཟླ་ཕྱེད་རྡོ་རྗེ་བཞིས་མཚན་པ། དེའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་། དེའི་མུ་ཁྱུད་ལ་མུ་ཏིག་གི་ཕྲེང་བ་ཉིས་རིམ་གྱི་རི་མོ་ལྟ་བུས་བསྐོར་བ། ཕྱིའི་ཁ་ཁྱེར་ལ་ཡང་མུ་ཏིག་གི་ཕྲེང་བ་ཉིས་རིམ་ལྟ་བུས་བསྐོར་བ། རྡོ་རྗེ་རྒྱ་གྲམ་གྱི་ཡར་སྣེའི་རྭ་སྦུ་གུ་ཡིན་པ། ཡུ་བ་དང་གཞིའི་མཚམས་སུ་ནོར་བུ་མེ་འབར་གྱིས་བརྒྱན་པ། གོང་ལྟར་ཡུ་བའི་དཀྱིལ་དུ་རྒྱ་མདུད་ཡོད་པ་དང་། བླུགས་གཟར་ནོར་བུའི་དབྱིབས་ཅན་དབུས་ཟླུམ་པོ་ཡུ་བ་དང་འཕྲད་མཚམས་སུ་ནོར་བུ་འབར་བས་བརྒྱན་པ་སོགས་མི་འདྲ་བ་ཁ་ཤས་མཐོང་ལ། ཁུངས་ནི། དཔལ་ཡེ་ཤེས་ཐིག་ལེ་ལས། དགང་གཟར་བླུགས་གཟར་མར་གྱི་སྣོད། །རིན་པོ་ཆེ་རུ་ཇི་ལྟར་བསྟན། །ལག་པ་ཡི་ནི་དབྱུག་པ་ཚད། །འབད་པ་ཡིས་ནི་དགང་གཟར་བ། །དགང་གཟར་ཇི་བཞིན་བླུགས་གཟར་རོ། །མར་ཁུའི་སྣོད་ནི་དེ་དང་མཉམ། །གྲུ་གསུམ་ཟླུམ་པོའི་རྣམ་པ་དང་། །རྡོ་རྗེ་ཡིས་ནི་རྣམ་པར་བརྒྱན། །དགང་གཟར་གྱི་ནི་ཁ་ཞེས་བྱ། །སོར་དྲུག་པ་ཡི་ཚད་དང་ནི། །མགོ་བོ་ཡང་ནི་དེ་བཞིན་བྱ། །ཐམས་ཅད་ཀུན་ཏུ་གྲུ་བཞི་བྱ། །སྣ་ཚོགས་རྡོ་རྗེའི་སྙིང་ག་རུ། །ལྟེ་བ་པདྨ་ཡིས་ནི་བརྒྱན། །ཆུ་སྲིན་པ་ནས་བྱུང་བ་ཡི། །རྩེ་དགུ་པ་ཡི་རྡོ་རྗེ་ཡིས། །དགང་གཟར་གྱི་ནི་མཐའ་རུ་ལྡན། །བླུགས་གཟར་བ་ཡི་མིག་དང་འདྲ། །ཡང་ན་དེ་ཡི་པདྨས་སོ། །ནང་གི་གཏིང་རིང་གསལ་བ་དང་། །ཧ་ཅང་རིང་དང་ཐུང་མ་ཡིན། །རྡོ་རྗེ་ཕྲ་མོས་ནང་དུ་བརྒྱན། །ཞེས་གོང་གི་དཀྱུས་དང་ཅུང་མི་འདྲ་བ་ཞིག་གསུངས་པ་དེ་ཡིན་ནམ་སྙམ་མོ། །གཞན་ཡང་ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར་གསུམ་རྣམས་གཅིགཏུ་བསྡུས་པའི་ནང་རིམ་པ་ཅན་གྱི་ལས་བཞི་གཅིག་ལ་ཚང་པའི་དགང་གཟར་ཡིན་རྒྱུར་བྱས་པ་རེ་མཐོང་མོད་དག་མིན་གྱི་ཁུངས་རྩད་མ་ཆོད་དོ། །

   བླུགས་གཟར་གྱི་དབྱིབས་ཚད་ནི། རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་བརྒྱན་པའི་ཡུ་བའི་ཡར་སྣེར་གོང་ལྟར་རྡོ་རྗེ་དང་རིན་པོ་ཆེའི་འཕྲོར་བླུགས་གཟར་རྒྱར་སོར་གཉིས་དང་ཟབས་སུ་སོར་གཅིག་ཡོད་པ། ཁ་ཡི་ཁོར་ཡུག་པད་འདབ་ཕྱེད་པས་བསྐོར་བ། ནང་དབུས་སུ་རྡོ་རྗེས་མཚན་པ་ཅན་ཞིག་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རྒྱ་རུ་སོར་གཉིས་ཟབས་སོར་གཅིག །ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེས་མཛེས་པ་སྟེ། །ལྷག་མ་སྔོན་བཞིན་མཚོན་པར་བྱ། །ཞེས་མཁའ་འགྲོ་རྒྱ་མཚོ་དང་། རྡོ་རྗེ་འབར་བའི་རྒྱུད་སོགས་ལས་གསུངས་ལ། གཤིན་རྗེ་གཤེད་དམར་གྱི་རྒྱུད་ལས་ཀྱང་། བླུགས་གཟར་པདྨའི་རྣམ་པ་བཞིན། །མཐེ་བོའི་ལྟོ་གང་ཚད་ལ་ནི། །གཏིང་དུ་སོར་མོའི་ཚད་ལྡན་ནོ། །རྒྱུད་འདི་ལས་ནི་རབ་ཏུ་བསྔགས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བླུགས་གཟར་ཡུ་བ་སོར་བཅུ་བཞི་པའི་སྣེར་གཟར་བུ་གྲུ་གསུམ་པ་ཟབས་སུ་སོར་གཅིག་ཙམ་ཡོད་པ། ཡུ་བའི་སྣེར་དྲག་པོའི་རྡོ་རྗེ་རྭ་གདེངས་རྩེ་གསུམ་པས་བརྒྱན་པ་ཅན་ནི་དྲག་པོ་མངོན་སྤྱོད་ཀྱི་བླུགས་གཟར་ཡིན་ཏེ། གཤིན་རྗེ་དགྲ་ནག་ལས། བླུགས་གཟར་ཡུ་བ་སོར་བཅུ་བཞི། །ཟབས་སུ་སོར་གཅིག་གྲུ་གསུམ་དང་། །ཡུ་བའི་མཐར་ནི་རྩེ་གསུམ་པ། །གདེངས་པ་བྱིན་བརླབས་མངོན་སྤྱོད་ཀྱི། །གཟར་བུ་ཡིན་པར་ང་ཡིས་བསྟན། །ཞེས་གསུངས་པའི་ཕྱིར་རོ། །གཞུང་ཁ་ཅིག་ཏུ་ཕྱི་ནང་གསང་བ་གསུམ་གྱི་དགང་བླུགས་མི་འདྲ་བ་གསུམ་གསུངས་མོད་མི་སྤྲོའོ། །

   དགང་གཟར་བླུགས་འཛིན་ཚུལ་སོགས་འཆད་པ་ལ་སྔགས་ཆས་རྣམ་བཤད་ལས། དེ་གཉིས་འཛིན་ཚུལ་སོགས་ནི། དགང་གཟར་དང་བླུགས་གཟར་ནི་སྦྱིན་སྲེག་བླུག་བྱད་ཡིན་ལ་གསང་སྔགས་གྱི་རྒྱུད་སྡེ་ཀུན་ལས་བསྟན་ཅིང་ཀུན་ལ་དར་སོ་ཤིན་ཏུ་ཆེའོ། །དེ་ཡང་དགང་བླུགས་སྦྱིན་སྲེག་གི་ཚེ་སྤྱོད་ཚུལ་དང་འཛིན་ཚུལ་ནི་ཞི་བའི་སྦྱིན་སྲེག་ལ་ལག་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་གདོང་འཛུམ་མདངས་དང་བཅས་ཏེ་དགང་བླུགས་བཟུང་ནས་སྦྱིན་སྲེག་བྱ་བ་དང་། རྒྱས་པ་ལ་གདོང་འཛུམ་པ་དང་བཅས་ནོར་བུའི་ཁུ་ཚུར་གྱིས་བཟུང་བ་དང་། དབང་ལ་གདོང་ཆགས་ཉམས་དང་བཅས་པདྨའི་ཁུ་ཚར་གྱིས་དང་། དྲག་པོའི་མངོན་སྤྱོད་ལ་ངོ་གདོང་ཁྲོ་ཧུར་རེ་བ་དང་བཅས་ལག་པ་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ནས་སྦྱིན་སྲེག་བྱེད་དགོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས།

  ཞི་བ་བྱང་ཆུབ་མཆོག་གིས་བཟུང་། །ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དབང་དུ་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་གཟུང་། །དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚར་བྱ། །དགང་གཟར་བླུགས་གཟར་གྱི་ཆོ་གའོ། །དགང་བླུགས་ཞེས་སུ་བྱ་བ་ནི། །གང་བའི་སྦྱིན་སྲེག་ལ་སོགས་པའོ། །དེ་ཡི་ཆོ་ག་གཞན་བཤད་བྱ། །ཞི་བ་དང་ནི་རྒྱས་དང་དབང་། །དགེ་བ་ཡི་ནི་ལས་རྣམས་ལ། །གདོང་གི་འཛུམ་དང་བཅས་པར་བྱ། དྲག་པོའི་ལས་ལ་ཁྲོ་གདོང་གིས། །ཡམ་ཤིང་ལ་སོགས་བསྲེག་པར་བྱ། །ཞེས་གསུངས་པས་སོ། །བླུག་ཚུལ་དངོས་ནི་ལག་གཉིས་པུས་མོའི་བར་རམ་ནང་དུ་བཞག་སྟེ་དགང་གཟར་ལ་མར་གྱིས་བཀང་ནས་ཆང་བས་བཟུང་བའི་བླུགས་གཟར་གྱིས་མར་ཁུ་བཅུས་ཏེ་ཐབས་སུ་འབུལ་བ་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། ལག་གཉིས་པུས་མོའི་ནང་བཞག་སྟེ། །དགང་གཟར་དང་ནི་བླུགས་གཟར་བཟུང་། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ལག་གཉིས་པུས་མོའི་བར་བཞག་སྟེ། །དགང་གཟར་མར་གྱིས་བཀང་ནས་ནི། །བླུགས་གཟར་བཀང་སྟེ་དེ་བཞིན་བསྲེག །ཞེས་གསུངས་པའི་ཕྱིར།

   དགང་བླུགས་གཟར་གཉིས་ཀྱི་དག་པ་ལ་སྔགས་ཆས་རྣམ་བཤད་ལས། དགང་བླུགས་གཉིས་ཀྱི་དག་པ་ནི། དགང་གཟར་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དམ་ཤེས་རབ་ཀྱི་ཆ་དང་། བླུགས་གཟར་ཐབས་བདེ་ཆེན་པོའི་ཡེ་ཤེས་ཀྱི་མཚོན་བྱེད་དེ་མདོར་ན་ཐབས་ཤེས་ཟུང་དུ་འཇུག་པའི་ཡེ་ཤེས་དང་། དེ་རྟོགས་པའི་གཞན་དོན་མཛད་པ་མཚོན་བྱེད་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །ཞེས་གསུངས་པའི་ཕྱིར་རོ། །

  • 顶 0