ཐུན་རྭ།

2018-12-07
0

 

   ཐུན་རྭ་ཞེས་པ་ནི་ཐུན་རྫས་བླུགས་པའི་རྭ་ཅོའི་སྣོད་ཞིག་སྟེ། མ་ཧེའི་རྭའམ་བ་མེན་རྭ་ཡིས་ནང་དུ་ཕག་མོ་ཞེས་བྱ་བའི་སྨན་དང་ཕག་གི་ལུས་ལས་བྱུང་བའི་འདམ་བླུགས་ནས་ལོ་གཅིག་ལ་བཞག་ན་ནུས་པ་ཁྱད་པར་ཅན་འབྱུང་བར་བཤད།

   ཐུན་རྭ་ཞེས་པ་ནི་ཐུན་རྫས་བླུགས་པའི་རྭ་ཅོའི་སྣོད་ཞིག་སྟེ། མ་ཧེའི་རྭའམ་བ་མེན་རྭ་ཡིས་ནང་དུ་ཕག་མོ་ཞེས་བྱ་བའི་སྨན་དང་ཕག་གི་ལུས་ལས་བྱུང་བའི་འདམ་བླུགས་ནས་ལོ་གཅིག་ལ་བཞག་ན་ནུས་པ་ཁྱད་པར་ཅན་འབྱུང་བར་བཤད། འདི་ལ་སྔགས་ཆས་རྣམ་བཤད་ལས། གསུམ་པ་ཐུན་རྭ་ནི། མ་ཧེ་དང་། བ་མེན་དང་། གླང་རོག་པོའི་རྭ་ཡི་ནང་དུ་བཙན་དུག་སོགས་དྲག་སྔགས་ཀྱིས་བསྒྲུབས་པའི་དྲག་པོའི་ཐུན་རྫས་སྣ་ཚོགས་བླུགས་པ་ཞིག་སྟེ། དེ་ལ་ཁུངས་ཡང་དག་ཡོད་དེ། རྙིང་རྒྱུད་ཟླ་གསང་ནག་པོའི་རྒྱུད་ལས། ཙ་ར་ནག་པོའི་རྭ་ལ་ནི། །སྔགས་བྲིས་སྟེང་དུ་མིང་བྱང་གདགས། །ལྷ་སྲིན་སྡེ་བརྒྱད་མཆོད་རྫས་དགྲམ། །ཐུན་རྫས་ཐོད་ཕྲེང་སྟེང་དུ་བཞག །ཅེས་དང་། མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ལས། བྱི་ཤ་ནག་མོའི་དུག་ཐུན་ནི། །མ་ཧེའི་རྭའམ་བ་མེན་རྭ། །མདའ་དུག་བཙན་དུག་ལོ་དུག་དང་། །རིམས་ནད་ཁྲག་དང་ཚད་བླུགས་ལ། །རྭ་རུ་ནང་ཉིད་ཁར་བཅུག་ལ། ། དང་ལ་མཁའ་འགྲོའི་སྙིང་པོ་དང་། །ལས་ལ་བསྐུལ་སྔགས་མིང་དང་བཅས། །དེ་ནས་དུག་གི་དབལ་སྔགས་བཟླས། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཕག་མོ་ཞེས་བྱའི་སྨན་དང་ནི། །ཕག་གི་ལུས་ལས་བྱུང་བའི་འདམ། །མ་ཧེའི་རྭ་ཡི་ནང་དུ་བཞག །ལོ་གཅིག་བར་དུ་ནུས་དང་ལྡན། །ཞེས་གསུངས་པ་རྣམས་དེའི་ཁུངས་སུ་རུང་བ་ཡིན་པའི་ཕྱིར། ཁ་ཅིག་དུག་གསུམ་རྩད་ནས་གཅོད་པའི་མཚོན་བྱེད་དུ་རྭ་ཅོའི་སྟོད་དུ་བྱ་རོག་གི་གཟུགས་དང་། སྐེད་པར་སྦྲུལ་དང་། སྨད་ལ་ཕག་ནག་པོའི་གཟུགས་རིས་འབྲི་དགོས་པར་བཤད་ལ། རྒྱུད་ལས་དེ་ལྟར་དགོས་པར་གསུངས་པའི་ཁུངས་ཡོད་མཆི་ཡང་ཁོ་བོས་གསར་རྙིང་གི་རྒྱུད་ཕལ་ཆེ་བར་ཞིབ་ཀློག་བྱས་མོད་མ་མཐོང་ངོ་། །སྐམ་ཐུན་རློན་ཐུན་གྱི་ཁྱད་པར་ནི་སྔ་མ་གཡས་རྭ་དང་ཕྱི་མ་གཡོན་རྭ་ལ་བྱེད་པ་ཡིན་པར་སྔགས་འཆང་རྒྱན་གྱི་མེ་ཏོག་ཏུ་བཤད་དོ། །ཞེས་གསུངས་པའི་ཕྱིར།

  • 顶 0