རྡོ་རྗེ།

2018-12-07
0

 

   རྡོ་རྗེ་ཞེས་པ་ནང་བསྟན་གསང་སྔགས་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག་ཡིན་ལ། དེར་དབྱེ་བ་དང་རིགས། རྒྱུ་དང་ཆ་ཚད། མཚོན་དོན་སོགས་གཞུང་ལས་གསལ་བོར་གསུངས་ཡོད།

  རྡོ་རྗེ་ཞེས་བ་ལེགས་སྦྱར་སྐད་དུ་བཛྲ་ཟེར་ཞིང་། ནང་བསྟན་གྱི་གསང་སྔགས་ནས་བཤད་པའི་ལྷ་ཡི་ཕྱག་མཚན་གྱི་རིགས་ཤིག་ཡིན། རྡོ་དྲིལ་གཉིས་ལས་རྡོ་རྗེས་ཐབས་དང་དྲིལ་བུས་ཤེས་རབ་མཚོན།

   མཚོན་བྱ་དོན་གྱི་རྡོ་རྗེ་དང་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་དེ་གཉིས་དང་། ལ་ལས་འདི་གཉིས་སྟེང་དུ་རྫས་ཀྱི་རྡོ་རྗེ་བསྣན་ནས་རྡོ་རྗེ་གསུམ་བརྩི་ཡང་རང་ལུགས་ལ་རྫས་ཀྱི་རྡོ་རྗེ་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ནང་དུ་འདུས། ཡང་ན་ཡེ་ཤེས་ཀྱི་རྡོ་རྗེ་དང་དམ་ཚིག་གི་རྡོ་རྗེ་དབྱེར་ཡོད།    

  མཚོན་བྱ་དོན་གྱི་རྡོ་རྗེ་ལ་གསང་བའི་རྡོ་རྗེ་ཞེས་ཀྱང་གསུངས་ཏེ། མཁས་གྲུབ་རྗེས་མཛད་པའི་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་དང་བོ་ལ་ནི་གསང་བའི་རྡོ་རྗེ་ཞེས་ཀྱང་གསུངས་ཏེ། རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཞེས་གསུངས་བའི་ཕྱིར།གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དང་དེའི་རྟོགས་བྱ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་བ་ཉིད་ལ་དོན་གྱི་རྡོ་རྗེ་ཟེར། རྡོ་རྗེའི་ཕ་ལམ་ནི་མི་ཆོད་པ་དང་མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་ལྟར་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་སྟོང་པ་ཉིད་ནི་ངོ་བོ་འགྱུར་བ་མེད་ཅིང་མཚན་མའི་ཆོས་ལས་འདས་པ་དང་། ཁྱད་པར་དུ་ཡེ་ཤེས་ནི་གཟུང་འཛིན་རྣམ་རྟོག་མཚན་མའི་སྒྲིབ་པ་བག་ཆགས་དང་བཅས་པ་གཞིག་ཅིང་གཞོམ་པར་བྱེད་པས་ན་རྡོ་རྗེ་ཞེས་བརྗོད་པ་ཡིན་ཏེ། གཤིན་རྗེའི་གསང་རྒྱུད་ལས། གཟུང་འཛིན་གཉིས་སུ་མི་ཕྱེད་པས། དོན་གྱི་རྡོ་རྗེ་བཤད་པ་ཡིན། ཞེས་གསུངས་བའི་ཕྱིར།

  མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ནི་སྐུ་གསུང་ཐུགས་ཀྱི་བརྡ་མཚོན་བྱེད་ཀྱི་རྡོ་རྗེ་རྩེ་གསུམ་པ་དང་ཡེ་ཤེས་ལྔའི་བརྡ་མཚོན་བྱེད་ཀྱི་རྡོ་རྗེ་རྩེ་ལྔ་བ། ཁམས་གསུམ་ས་དགུའི་རྟོག་པ་འཇོམས་པའི་བརྡ་མཚོན་བྱེད་ཀྱི་རྡོ་རྗེ་རྩེ་དགུ་བ་བཅས་ཡིན། དེ་ཡང་རྡོ་རྗེ་རྩེ་གསུམ་ནི་སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་སྨིན་ཅིང་འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་འཇོམས་པ་མཚོན་བྱེད་ཀྱི་རྟགས་ཡིན། རྡོ་རྗེ་རྩེ་ལྔ་བ་ནི་ཉོན་མོངས་དུག་ལྔ་བཅོམ་ནས་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པ་མཚོན་བྱེད་ཀྱི་རྟགས་ཡིན། རྡོ་རྗེ་རྩེ་དགུ་ནི་ཁམས་གསུམ་ས་དགུའི་རྟོག་པ་འཇོམས་པའི་རྟགས་ཡིན་ཏེ། གཤིན་རྗེའི་གསང་རྒྱུད་ལས། རྟགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ། རྩེ་གསུམ་རྩེ་ལྔ་རྩེ་དགུ་པ། རྩེ་གསུམ་སྐུ་གསུང་ཐུགས་ཀྱི་བརྡ། རྩེ་ལྔ་ཡེ་ཤེས་ལྔ་ཡིས་བརྡ། རྩེ་དགུ་ཁམས་གསུམ་ས་དགུའི་བརྡ་ཞེས་སོགས་གསུངས་བའི་ཕྱིར།    

  རྫས་ཀྱི་རྡོ་རྗེ་ནི་གསེར་དངུལ་ཟངས་ལྕགས་སོགས་ལས་གྲུབ་པའི་རྡོ་རྗེ་ལ་ཟེར་ཞིང་། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་སྤྱིར་བཏང་རྟགས་དང་རྫས་ཀྱི་རྡོ་རྗེ་ལ་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ཞེས་གཅིག་ཏུ་བྱེད་པར་གསུངས། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ལ་རྒྱུ་དང་དབྱིབས། ཚད། དབྱེ་བ། མཚོན་དོན་ལྔ་ལས།

  དང་བོ་རྡོ་རྗེའི་རྒྱུ་ལ་གསེར་དང་། དངུལ། ཟངས། རག་ལི། ལྕགས། རྡོ། ཤིང་། རུས་པ། ཤེལ། ས་སོགས་གང་ཡང་རུང་བས་བཟོ་རུང་བར་གསུངས། ལས་སོ་སོ་ལ་རྒྱུ་མི་འདྲ་བའི་རྡོ་རྗེ་མི་འདྲ་བ་སོ་སོ་དགོས་ཏེ། དེ་ཡང་རིག་པ་འཛིན་པའི་ས་འཐོབ་པའི་ཕྱིར་དུ་རྒྱུ་གསེར་ལས་གྲུབ་པའི་གསེར་གྱི་རྡོ་རྗེ་དང་། རྒྱལ་བོ་འཐོབ་ཕྱིར་དུ་དངུལ་གྱི་རྡོ་རྗེ། རིན་ཆེན་འདོད་དེ་ཀླུ་བསྒྲུབ་པ་ལ་ཟངས་རྡོར། ལྷ་མིན་དབང་པོའི་འཁྲུལ་འཁོར་གཞིག་པ་དང་རི་ཕུག་ཏུ་འགྲོ་བ་ལ་རྡོ་ཡི་རྡོ་རྗེ། དོན་ཀུན་བསྒྲུབ་པ་ལ་ལྕགས་གསུམ་གྱི་རྡོ་རྗེ། གསང་བའི་དགྲ་སྡེ་གཞོམ་པ་ལ་ལྕགས་རྡོར། གདོན་འཇོམ་པ་ལ་སེང་ལྡེང་གི་རྡོ་རྗེ། དཔལ་དང་ཚེ་དང་ནད་མེད་པ། ནོར་རྫས་འཐོབ་པའི་ཕྱིར་དུ་བིལ་བའི་རྡོ་རྗེ། གནོད་སྦྱིན་མོ་བསྒྲུབ་པ་ལ་མ་དུའི་ཤིང་། ཆོས་འཐོབ་པའི་ཕྱིར་དུ་ཨ་ཤྭ་ཏ། དགྲ་གཞིག་པའི་ཕྱིར་དུ་གསལ་ཤིང་གི་རྩེ་མོའི་རྡོ་རྗེ། མི་གསོད་པ་ལ་མི་རུས་དང་མིག་འཕྲུལ་ལ་ཤེལ། ལྷ་དབྱེ་ལ་ནིམ་པའི་ཤིང་། བསད་ཅིང་བསྐམ་པ་དང་ཤ་ཟ་བསྒྲུབ་པ་ལ་བ་རུ་རའི་ཤིང་།ལྷ་དང་གནོད་སྦྱིན་དང་དྲི་ཟ་བསྒྲུབ་པ་ལ་སྒྲོན་ཤིང་། ཀླུ་དབང་དུ་བྱེད་པ་ལ་ཀླུ་ཤིང་། གཟུགས་བསྒྱུར་བ་ས་རྡོར། རོ་ལངས་བསྒྲུབ་པ་ལ་ཀ་ཏམ་པའི་ཤིང་། ནོར་བསྒྲུབ་པ་ལ་བུན་ད་ཀ་ཞེས་པའི་ཤིང་དང་ར་ཛར་ཨརྐ་དང་། ཨ་ཤྭ་ཏའི་ཤིང་རྣམས་ཀྱི་རྡོ་རྗེ། གཡུལ་ལས་རྒྱལ་བ་ལ་གླ་བའི་ཤིང་དང་ཨ་མྲ། ཤྲི་བར་རྣ་ཞེས་པའི་ཤིང་དང་ཨ་རྫུའི་ཤིང་རྣམས་ཀྱི་རྡོ་རྗེ། ཡིད་ལ་འདོད་པའི་དོན་འཐོབ་པའི་ཕྱིར་དུ་ཙནྡན་དཀར་དམར་གྱི་རྡོ་རྗེ་རྣམས་དགོས་བར་དཔུང་བཟང་ལས། གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི། །ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས། །ཞེས་པ་ནས། ཡིད་དུ་འོང་བའི་འདོད་པ་ཐོབ་བྱའི་ཕྱིར། །ཙནྡན་དཀར་པོ་དང་ནི་དམར་པོ་སྟེ། །དབྱིབས་ལེགས་འཇམ་ཞིང་མ་ཉམས་རྨ་མེད་པའི། །རྡོ་རྗེ་རྩེ་ལྔ་སྲ་བ་བཅང་བར་བྱ། །ཞེས་གསུངས།    

  རྡོ་རྗེའི་དབྱིབས་ནི་འཇོང་དབྱིབས་གཡས་གཡོན་གྱི་སྣེ་གཉིས་རྭ་དང་། འཆང་བཟུང་སྟེ་དཀྱིལ་གྱི་ཆ་དང་ཆ་གསུམ་པ། འཆང་བཟུང་གི་ལྟེ་བ་ཟླུམ་པོ། དེ་ལ་ཧྰུ་ཡིག་གིས་མཚན་པ། དེའི་སྟེང་འོག་གམ་གཡས་གཡོན་དུ་མུ་ཏིག་གི་ཕྲེང་བཟླུམ་པོའི་རི་མོ་དང་། དེ་འཕྲོར་པད་འདབ་ཟླུམ་སྐོར་རེ་རེ། པད་འདབ་ཀྱི་འོག་ཞུམ་ཅིང་དབུས་འབུར་བ་དང་སྟོད་ནང་དུ་ཅུང་ཟད་གཞོལ་བ། པད་འདབ་ལས་འོད་ཟེར་འཕྲོ་བའི་ཚུལ་རི་མོ་ཟླུམ་པོ་མུ་ཏིག་གི་ཕྲེང་བ་འདྲ་བས་བསྐོར་བ། པད་འདབ་ཀྱི་ཁ་ཡོངས་སུ་ཁེབས་པའི་ཟླུམ་གོར་གྱི་ཟླ་གདན། དེའི་ཁ་ཁྱེར་ལ་རི་མོ་ཟླུམ་པོ་ཟོ་དཀྲིས་འདྲ་བ་ཀུན་ནས་བསྐོར་བའི་མུ་ཁྱུད་ཡོད་པ། འདི་ལ་སྐ་རགས་ཀྱང་ཟེར། དེ་ནི་ཟླ་བའི་གདན་གྱི་སྟེང་དུ་བྱ་བ་ལས་ཕྱི་ནས་བསྐོར་བ་ནི་གཞུང་དོན་མིན་པར་མཁས་གྲུབ་རྗེས་གསུངས། ཟླ་གདན་གྱི་སྟེང་དུ་དབུས་རྭ་གྲུ་བཞི་རྩ་བ་ཟླ་གདན་ལ་འཕྲད་མཚམས་ཟླུམ་པོ་དང་། དབུས་སྦོམ་ལ་རྩེ་ཕྲ་ཞིང་རྣོ་བ། རྩ་བ་དབུས་ལས་ཅུང་ཕྲ་ཞིང་ཕྲ་སྦོམ་རན་པ་ཅན་གྱེན་དུ་དྲང་པོར་ཡོད་པ། དེའི་སྐེད་པར་དཀྲིས་གསུམ་གྱི་རི་མོ་ཡོད་པ། དེའི་ཕྱོགས་ཀུན་ནས་ཟླ་གདན་དང་མུ་ཁྱུད་ཀྱི་སྟེང་ནས་རྭ་རྣམས་རྩ་རྩེ་ཕྲ་ཞིང་དབུས་སྦོམ་པ་གྲུ་བཞི་བ་ཟླུམ་གུག་གི་དབྱིབས་ཅན་སྣེ་མོ་རྣམས་དབུས་རྭ་ལ་ཟུག་པ། རྭ་དག་ལས་འོད་ཟེར་འཕྲོ་བ་དང་རྭ་དེ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ། དབུས་རྭའི་རྩེ་མོ་རྭ་གཞན་པ་དག་གི་རྩེ་ལས་ཕྱིར་མངོན་པ་སྟེ་དབུས་རྭ་ཅུང་རིང་བ་ཞིག་ཡིན་ལ། དེ་ཡང་དྲག་པོའི་རྡོ་རྗེ་རྭ་གདེངས་ཀྱི་རྭ་རྩེ་རྣམས་དབུས་རྭ་ལ་ཐུག་མཚམས་ནས་རྩེ་ཕྱི་གདེངས་པར་བྱ་དགོས་པ་དང་། རྭ་གསུམ་པ་ནི་དབུས་རྭ་ལ་ཕྱོགས་ཀྱི་རྭ་གཉིས་ཟུག་པ་ལ་ཁ་ཟུམ་པ་དང་། ཁ་གྱེས་པ་སྟེ་རྭ་མི་འདྲ་བ་གཉིས་ཡོད། རྭ་གཅིག་པ་ནི་དབུས་རྭ་ལས་ཕྱོགས་ཀྱི་རྭ་མེད་པ་རྭ་རྩེ་ཤིན་ཏུ་རྣོ་བ་ཅན་ཏེ་རྭ་གསུམ་པ་དང་རྭ་གཅིག་ལ་ཡང་ལྟེ་བ་དང་པད་ཟླ་སོགས་གོང་དང་འདྲའོ། །དེ་ནི་རྡོ་རྗེའི་དབྱིབས་སོ།།ཞེས་དང་། ད་ལྟ་མཐོང་དུ་ཡོད་པའི་རྡོ་རྗེ་ཁ་ཅིག་ལ་ནི་ལྟེ་བའི་གཡས་གཡོན་དུ་མུ་ཏིག་ཕྲེང་བ་ཉིས་རིམ་དང་པད་འདབ་ཀྱི་རྩ་བར་རི་མོ་ཟླུམ་སྐོར་ཡོད་པ་མཆིས་མོད་རྒྱུད་ལས་ནི་དེ་འདྲ་དགོས་པར་བཤད་པ་མ་མཐོང་།ལྟེ་བའི་གཡས་གཡོན་དུ་འོད་ཟེར་འཕྲོ་བའི་ཕྲེང་བའི་རི་མོ་ཡོད་པ་དེ་བཞིན་རིགས་ཀྱི་རྡོ་རྗེ་ཡིན་པར་གསུངས་པ་ཡང་ཡོད་དོ། །ཞེས་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་གསུངས།

  རྡོ་རྗེའི་རིང་ཐུང་གི་ཚད་ནི་རྡོ་རྗེ་ལ་དབུས་ཀྱི་འཆང་བཟུང་གི་ཆ་ངོས་གཉིས་ཀྱི་རྭའི་སྲིད་ཆ་རེ་རེ་སྟེ་ཆ་གསུམ་དུ་ཕྱེ་སྟེ་ཆ་གསུམ་མཉམ་དགོས། ཆ་གསུམ་མཉམ་པ་ཞེས་པའི་དོན་ཆ་དབུས་མ་དེ་ཡང་ངོས་གཡས་གཡོན་གྱི་པདྨ་ཆ་རེ་རེ་དང་ལྟེ་བ་ཆ་གཅིག་སྟེ་གསུམ་མཉམ་ཞེས་པའི་དོན་ཡིན། དཀྱིལ་འཁོར་གྱི་གདན་གྱི་སྣ་ཚོགས་རྡོ་རྗེ་སོགས་ལ་ནི་ཚད་དེ་ལྟ་བུ་མ་ཡིན་ནོ། །དེ་ཡང་སོར་བཞི་ནས་བརྩམས་ནས་སོར་ཉི་ཤུའི་བར་དུ་གྲགས་སོ། །ཇི་ལྟར་འདོད་པར་རོ་ཞེས་ཁ་ཅིག་གོ ། མན་སྙེ་དབང་འགྱུར་ལས། ཆ་གསུམ་པའི་སུམ་ཆའི་ཚད་དུ་ལྟེ་བའི་ཆ་ཤས་བརྒྱད་པའོ། །རྭ་རྣམས་ནི་ཆ་ཤས་བཞི་པ་རྩེ་མོ་གུག་པའོ། །རྭའི་དབུས་ཀྱི་འོག་ནི་ཟླུམ་པའོ། །རྭ་དབུས་མ་ནི་དྲང་ལ། གྲུ་བཞི་བ། རྣོ་བ། རྐེད་དཀྲིས་གསུམ་དང་ལྡན་པ་ནས་ཀྱི་དབྱིབས་ཅན་ནོ། །དེའི་རྩེ་མོ་དང་ཕྱོགས་ཀྱི་རྭའི་རྩེ་མོ་རྣམས་ཀྱི་བར་ནི་ནས་ཙམ་སྟེ། རྭ་ཐམས་ཅད་ཕན་ཚུན་མཉམ་པའོ། །དབུས་མ་ནི་ཅུང་ཟད་ལྷག་པའོ། །རྭ་རྣམས་ཀྱི་འོག་ཅུང་ཟད་ཕྲ་བ། དབུས་དེ་ལས་སྤོམ་པ། སྟེང་ནི་འོག་གི་ལས་ཆ་ཕྲ་བའོ། །དབུས་ཀྱི་ཆའི་ཡང་དབུས་སྤོམ་ཞིང་མཐའ་གཉིས་དེ་ལས་ཕྲ་བའོ། །རྩེ་ལྔ་བ་དང་རྩེ་དགུ་བའི་དབུས་རྭའི་རྩེ་མོ་གྲུ་བཞི་བ་དང་ཀུན་ཀྱི་རྩེ་མོ་དབུ་མ་ཟླུམ་ཞེས་པ་ལ་གཞིགས་ནས་རྭའི་དབུས་ཀྱི་འོག་ནི་ཟླུམ་པོར་གསུངས། རྭའི་དབུས་ཀྱི་འོག་གི་ཟླུམ་པོའི་དོན་ནི་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་ཡང་ན་འདི་ལྟར་རྭ་དབུས་མའི་ལུས་ཕལ་ཆེར་གྲུ་བཞི་བ་ཡིན་ཡང་འོག་ཕྱོགས་གདན་ལ་རེག་པའི་གོང་ཙམ་ནས་ཟླུམ་པོར་བྱས་ཏེ། རྭ་གཞན་རྣམས་ལ་ཆུ་སྲིན་གྱི་གདོང་འབྱུང་བའི་ཚད་ཙམ་ནས་རྭ་དབུས་མའི་ཟུར་རྣམས་རིམ་གྱི་མི་མངོན་པར་འགྱུར་ཏེ། འོག་གི་ཆ་གདན་ལ་རེག་མཚམས་ལ་ཉེ་བ་ནས་ཟླུམ་པོར་གྱུར་པའི་དོན་དུ་བྱས་ནས། རྭ་རྣམས་ཀུན་གྱི་དབུས་མ་ཟླུམ། ཞེས་པའང་། དབུས་མའི་འོག་གི་ཆ་ཟླུམ་ཞེས་འགྲེལ་པར་བྱས་ནའང་ལེགས་པར་མངོན་ནོ། །ཞེས་མཁས་གྲུབ་རྗེས་གསུངས། རྭ་དབུས་མ་ལས་གཞན་པའི་རྭ་རྣམས་ལ་ཡང་ཆ་གསུམ་དུ་ཕྱེ་ནས་དེའི་ཆ་དབུས་སྦོམ་ཞིང་། སྟེང་འོག་དེ་ལས་ཕྲ་བ་དང་། དེ་ཡང་དབུས་རྭ་ལ་ཟུག་པའི་རྩེ་མོའི་ཆ་ཕྲ་ཞིང་གདན་ལ་ཟུག་པའི་རྩ་བའི་ཆ་རྩེ་མོ་ལས་སྦོམ་པ་དང་། དབུས་ཀྱང་རིམ་གྱིས་སྦོམ་ཞིང་སྟེང་འོག་གཉིས་ཀྱང་རིམ་གྱིས་ཕྲ་བར་བྱ་ཞིང་པདྨ་རྣམས་ལའང་རྩེ་མོའི་ཆ་ཅུང་ཟད་གཞོལ་ཞིང་། དེ་ལས་ཀྱང་རྩ་བའི་ཆ་ཆེས་གཞོལ་བ་དང་། དབུས་ཀྱི་ཆ་ཅུང་ཟད་མཐོ་བར་བྱའོ། །རྭའི་འོག་ཟླ་བའི་སྟེང་དུ་དཀྲིས་པའི་རི་མོ་ནི་མུ་ཁྱུད་ཡིན་ཏེ་སྐ་རགས་ཀྱང་ཟེར། རྡོ་རྗེའི་ཆ་གསུམ་མཉམ་པར་བྱེད་པའི་ཚེ། ཟླ་བ་མུ་ཁྱུད་དང་བཅས་པའི་དཔངས་ནི་དབུས་ཀྱི་འཆང་ཟུངས་ཀྱི་ཆ་ལ་གཏོགས་དགོས་སོ། །དབུས་ཀྱི་ལྟེ་བའི་གཡས་གཡོན་དུ་རིན་པོ་ཆེའི་ཕྲེང་བ་འོད་ཟེར་གྱི་པ་ཏྲ་དང་། རིན་ཆེན་མུ་ཁྱུད་ལ་སོགས་པས་བརྒྱན་པ་དག་གིས་བསྐོར་བ་བྱ་བར་གསུངས། དབུས་ཀྱི་ཚད་ཟུངས་ཀྱང་མཉམ་པར་བྱེད་པའི་ཚེ། རིན་པོ་ཆེའི་ཕྲེང་བ་གཉིས་ནི་ལྟེ་བའི་ཆ་ལ་གཏོགས་སོ། །དབུས་མ་མ་གཏོགས་པའི་རྩེ་མོ་ལྷག་མ་རྣམས་ཆུ་སྲིན་ཁ་ནས་བྱུང་བ་བྱ་བ་དང་རྭའི་ཟུར་རྣམས་ལ་འོད་ཟེར་གྱི་རྣམ་པ་བྱ་དགོས་སོ། །འདི་རྩེ་མོ་ལྔ་བ་དང་དགུ་བ་གཉིས་ཀའི་ཐུན་མོང་དུ་བཤད་པའོ། །རྩེ་གཅིག་པ་ནི་རྩེ་མོ་ཤིན་ཏུ་རྣོ་ཞིང་། མཐའི་རྭ་མེད་པ་ཡིན། ཞེས་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་གསུངས། གཞན་ཡང་རྡོ་རྗེའི་ཚད་ལ་སོར་བཞི་ཅན་དང་བརྒྱད་ཅན། བཅུ་གཉིས། བཅུ་དྲུག བཅོ་བརྒྱད། ཉེར་གཉིས། ཉེར་བརྒྱད་ཅན་སོགས་ཅི་རིགས་ཡོད་པར་གསུངས། དེ་ཡང་རྡོ་རྗེ་རྩེ་གསུམ་པ་ལ་སོར་མོ་བཞི་ཅན་དང་བརྒྱད། བཅུ་གཉིས་ཅན། རྡོ་རྗེ་རྩེ་ལྔ་བ་ཅན་ལ་སོར་མོ་བརྒྱད་ཅན་དང་བཅུ་གཉིས། བཅུ་དྲུག བཅོ་བརྒྱད། ཉེར་གཉིས་པ། རྡོ་རྗེའི་རྩེ་དགུ་བ་ལ་སོར་བརྒྱད་དང་བཅོ་བརྒྱད། ཉེར་བརྒྱད་པའི་ཚད་སོགས་དགོས་བར་གསུངས། བྱ་རྒྱུད་དཔུང་བཟང་གིས་ཞུས་པ་ལས་ཀྱང་། སྒྲུབ་པ་པོ་ཡིས་ངེད་པར་བཅང་བ་ཡི། ། རྡོ་རྗེ་དེ་དག་གང་ཡིན་བཤད་པར་བྱ། །སོར་བཅུ་བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་དང་། མཆོག་གི་ཚད་ནི་སོར་ཡང་ཉི་ཤུ་པའོ། །ཞེས་གསུངས་པའི་ཕྱིར།    

  རྡོ་རྗེ་ལ་རྩེ་མོ་སྒོ་ནས་དབྱེ་ན། རྩེ་གཅིག་པ་ཅན། རྩེ་གསུམ་པ་ཅན། རྩེ་ལྔ་བ། རྩེ་དགུ་བ། བཅུ། ཉེར་ལྔ་པ་སོགས་དུ་མ་ཡོད་པར་མགོན་པོ་ནག་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྡོ་རྗེ་རྩེ་གཅིག་པ་དང་ནི། །རྩེ་གསུམ་ཉི་ཤུ་རྩ་ལྔའི་བར། །དུ་མ་རྣམ་པར་འཕྲོས་ནས་ནི་ཞེས་གསུངས་པའི་ཕྱིར། མཁས་གྲུབ་རྗེས།རྡོ་རྗེ་ལ་རྩེ་གཅིག་པ་དང་གསུམ་པ། ལྔ་བ། རྩེ་དགུ་བ། སྣ་ཚོགས་རྡོ་རྗེ་སྟེ་རྣམ་པ་ལྔ་རུ་དབྱེ་བ་ཡིན་ཏེ་རྣལ་འབྱོར་རོལ་བའི་དགའ་སྟོན་ལས། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་དེ་ཡང་རྣམ་པ་ལྔ་སྟེ། རྩེ་གཅིག་པ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། རྩེ་དགུ་པ་དང་། སྣ་ཚོགས་རྡོ་རྗེའོ། །དེ་ལ་རྩེ་མོ་གསུམ་པ་ལྔ་པ་དགུ་པ་རྣམས་ལ་ནི་ཞི་དྲག་གི་དབྱེ་བས་རྭ་ཟུམ་པ་དང་གདེངས་པ་གཉིས་གཉིས་སུ་ཡོད་ལ། སྣ་ཚོགས་རྡོ་རྗེ་ལ་ནི་རྭ་གསུམ་པའི་སྣ་ཚོགས་རྡོ་རྗེ་དང་རྭ་ལྔ་པའི་སྣ་ཚོགས་རྡོ་རྗེ་གཉིས་ངེས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་རྡོ་རྗེ་ལ་རྡོ་རྗེ་རྩེ་གཅིག་ནས་རྩེ་མོ་སྟོང་གི་བར་དུ་ཡོད་སྟེ། མཁའ་འགྲོ་རྒྱ་མཚོ་ལས། རྩེ་དགུ་རྩེ་མོ་གཅིག་པ་དང་། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་བར་དུའོ། །ཞེས་གསུངས་པའི་ཕྱིར། སྤྱིར་རྡོ་རྗེ་ལ་རྩེ་མོ་སྒོ་ནས་དབྱེ་ན་མང་པོ་ཡོད་པ་ལས་ང་ཚོས་རྒྱུན་དུ་བཀོལ་སྤྱོད་བྱེད་པ་ནི་རྩེ་ལྔ་བ་ཅན་དང་དགུ་བ་ཅན་གཉིས་ཡིན་པ་དང་ཡེ་ཤེས་ཀྱི་རྡོ་རྗེ་ལ་རྡོ་རྗེ་རྩེ་དགུ་པ་དང་དམ་ཚིག་གི་རྡོ་རྗེ་ལ་རྡོ་རྗེ་རྩེ་ལྔ་བ་ཅན་དགོས་བར་གསུངས་ཏེ། རྣལ་འབྱོར་རོལ་བའི་དགའ་སྟོན་ལས། ཡང་རྡོ་རྗེ་མཁའ་འགྲོ་ལས། རྩེ་དགུ་ཞེས་ནི་བྱ་བ་ཡི། །ཡེ་ཤེས་རྡོ་རྗེས་འགྲོ་བ་སྒྲོལ། །ཞེས་རྩེ་དགུ་པའི་རྡོར་དྲིལ་ལ་ཡེ་ཤེས་ཀྱི་རྡོར་དྲིལ་ཞེས་གསུངས་ལ། རྩེ་ལྔ་པ་ལ་ནི་དམ་ཚིག་གི་རྡོ་རྗེ་དང་དྲིལ་བུ་ཞེས་གསུངས་ཏེ། དམ་ཚིག་རྡོ་རྗེའི་མཚན་ཉིད་དེ། ཞེས་པའི་འགྲེལ་པར། བྷཱ་ཝ་བྷ་དྲས། དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ། དམ་ཚིག་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་དང་གྲངས་མཉམ་པའི་རྭ་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར།  རྡོར་དྲིལ་བཤད་པ་རྒྱུད་ལུང་དཔང་བཞག་ཀྱང་ལས། རྡོར་དྲིལ་རྩེ་དགུ་ལ། །ཡེ་ཤེས་རྡོ་རྗེ་ཞེས་པ་དང་། །རྩེ་ལྔར་དམ་ཚིག་རྡོར་དྲིལ་ཟེར། །ཞེས་གསུངས་པའི་ཕྱིར།དམ་ཚིག་གི་རྡོ་རྗེ་མཚན་ཉིད་པ་གསེར་གྱིས་བརྡུང་བའི་རྡོ་རྗེ་དགོས་པར་རྡོ་རྗེ་མཁའ་འགྲོ་ལས། དེ་ནས་ཡང་དག་བཤད་པར་བྱ། །དམ་ཚིག་རྡོ་རྗེ་མཚན་ཉིད་དེ། །གསེར་ལ་སོགས་པ་ལས་བརྡུངས་པ། །ཞེས་གསུངས་པའི་ཕྱིར།

  རྡོ་རྗེའི་མཚོན་བྱེད་ལ་རྡོ་རྗེ་རྩེ་དགུ་བའི་མཚོན་བྱེད་དང་། རྩེ་ལྔ་བ། རྩེ་གསུམ་པའི་མཚོན་བྱེད་དང་སྔ་འགྱུར་རྡོ་རྗེ་ཕུར་པའི་ལུགས་དང་བཞི་ལས།

  དང་པོ་རྡོ་རྗེ་རྩེ་དགུ་པའི་མཚོན་བྱེད་ནི་སྟེང་གི་དབུས་རྭས་སངས་རྒྱས་མི་བསྐྱོད་པ་མཚོན་པ་དང་ཕྱོགས་བཞིའི་རྭ་བཞིས་རྒྱལ་བ་རིགས་བཞི་སྟེ་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་བཞི་དང་། མཚམས་བཞིའི་རྭ་བཞིས་ཡུམ་བཞི་སྟེ་སྤྱན་མ་དང་མ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ་བཞི། འོག་གི་དབུས་རྭས་རྡོ་རྗེ་སེམས་དཔའ་དང་ཕྱོགས་བཞི་མཚམས་བཞིའི་རྭ་བརྒྱད་ཀྱིས་སྤྱན་རས་གཟིགས། བྱམས་པ། ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། ཕྱག་རྡོར། འཇམ་དབྱངས། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ་ཏེ་ཉེ་བའི་སྲས་ཆེན་བརྒྱད་མཚོན་བྱེད་ཡིན་ཏེ། སཾ་པུ་ཊ་ལས། ཕྱོགས་མཚམས་བརྒྱད་པའི་དབུས་སུ་ནི། །དགུ་པ་ལ་ནི་སངས་རྒྱས་ཉིད། །ལྷ་དགུ་ལ་སོགས་རྩེ་མོ་ནི། །ལྷ་རྣམས་དགུ་ཡིས་བྱིན་གྱིས་རླབས། །ཞེས་གསུངས་པའི་ཕྱིར།

  གཉིས་པ་རྡོ་རྗེ་རྩེ་ལྔ་བའི་མཚོན་བྱེད་ནི་རྭ་རྩེ་གཉིས་སུ་མེད་པའི་ཡེ་ཤེས་དང་། སྟེང་གི་དབུས་རྭ་རྣམ་པར་སྣང་མཛད། ཕྱོགས་བཞིའི་ཤར་རྭ་མི་བསྐྱོད་པ། ལྷོ་རྭ་རིན་ཆེན་འབྱུང་ལྡན། ནུབ་རྭ་འོད་དཔག་མེད། བྱང་རྭ་དོན་གྲུབ་སྟེ་རྒྱལ་བ་རིགས་ལྔ་མཚོན་པ་དང་། སྟེང་གི་པད་འདབ་བརྒྱད་སྤྱན་རས་གཟིགས་སོགས་ཉེ་བའི་སྲས་ཆེན་བརྒྱད་དང་། འོག་གི་པད་འདབ་བརྒྱད་ཤར་རྡོ་རྗེ་ལྕགས་ཀྱུ་མ་དང་། ལྷོ་རྡོ་རྗེ་ཞགས་པ་མ། ནུབ་ལྕགས་སྒྲོག་མ། བྱང་དྲིལ་བུ་མ་བཞི་དང་། མཚམས་བཞིའི་པད་འདབ་བཞི་རིམ་བཞིན་ལྷ་མོ་སྐུལ་བྱེད་མ་དང་། རིན་ཆེན་སྒྲོལ་མ། རྡོ་རྗེ་ལྕགས་སྒྲོག་མའམ་ལུ་གུ་རྒྱུད་མ། གཞན་གྱིས་མི་ཐུབ་མ་བཞི་དང་། འོག་གི་རྭ་ལྔའི་དབུས་རྭ་ཡེ་ཤེས་མཁའ་འགྲོ་དང་། ཤར་རྭ་རྡོ་རྗེ་མཁའ་འགྲོ་མ། ལྷོ་རྭ་རྡོ་རྗེ་གཏུམ་མོ་མའམ་ཙཎཌ་ལི། ནུབ་རྭ་རོ་ལངས་མ། བྱང་རྭ་དྲག་མོ་སྟེ་རྭ་ལྔ་པོ་མཁའ་འགྲོ་སྡེ་ལྔའི་མཚོན་བྱེད་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རྩེ་མོ་ཡེ་ཤེས་རང་བཞིན་འབྱུང་། །ཀུན་གྱི་དབུས་སུ་རྣམ་སྣང་སྟེ། །ཤར་ཕྱོགས་སུ་མི་བསྐྱོད་པའོ། །ལྷོ་རུ་རིན་ཆེན་བསྟན་པ། །འོད་དཔག་མེད་པ་ནུབ་ཏུ་འགོད། །བྱང་དུ་དོན་ཡོད་གྲུབ་པ་སྟེ། །རྩེ་བཞི་ལ་ནི་ལྷ་ཡིན་ནོ། །ཞེས་པ་ནས། རྩེ་མོ་དག་ནི་རྣམ་ལྔ་ལ། །མཁའ་འགྲོ་མ་ནི་ལྔ་ཉིད་དེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོ་ཞེས་བྱ་བ། །རོ་ལངས་མ་ནི་ནུབ་ཏུ་གནས། །ལྷོ་རུ་དེ་བཞིན་ཙཎྜ་ལི། །དབུས་སུ་ཡེ་ཤེས་མཁའ་འགྲོ་སྟེ། །དམ་ཚིག་རྡོ་རྗེ་བསྒོམ་པར་བྱ། ཞེས་གསུངས་པའི་ཕྱིར། རྡོ་རྗེའི་སྟེང་གི་པད་འདབ་བརྒྱད་བྱང་ཆུབ་ཡན་ལག་བརྒྱད་མཚོན་བྱེད་དང་། ཡང་ལོགས་གཉིས་ཀྱི་པད་འདབ་བཅུ་དྲུག་པོ་གོང་ནས་བསྟན་པའི་ལྷ་དག་གི་གདན་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། པདྨ་བྱང་ཆུབ་ཡན་ལག་བརྒྱད། ས་ལ་ཇི་བཞིན་འགོད་པར་བྱ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་རྭ་རྣམས་ཆུ་སྲིན་གྱི་ཁ་ནས་འཐོན་པ་སྙིང་རྗེས་སེམས་ཅན་རྣམས་མི་གཏོང་བའི་མཚོན་བྱེད་དང་། པདྨ་དང་རྭ་ལས་འོད་འཕྲོ་བ་འཕྲིན་ལས་རྒྱུན་ཆད་མེད་པ་དང་། དབུས་རྭའི་སྐེད་དཀྲིས་གསུམ་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་། ཟླ་བ་ལྷ་ཡིས་གདན་མཚོན་བྱེད་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རྩེ་མོ་ལྔ་དགུ་གང་ཡིན་ཀྱང་། རྭ་རྣམས་ཆུ་སྲིན་ཁ་ནང་ནས། ཐོན་པ་སྙིང་རྗེས་སེམས་ཅན་རྣམས། མི་གཏོང་དམ་བཅའ་མཚོན་པ་ཡིན། པདྨ་དང་ནི་རིན་པོ་ཆེ། རྭ་ལས་འོད་ཟེར་འཕྲོ་བ་སོགས། གདུལ་བྱ་འཕྲིན་ལས་རྒྱུན་འཇུག་མཚོན། དབུས་རྭའི་སྐེད་དཀྲིས་གསུམ་པོ་ཡང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཚོན། ཟླ་བ་ལྷ་ཡི་གདན་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

  གསུམ་པ་རྡོ་རྗེ་རྩེ་གསུམ་པའི་མཚོན་བྱེད་ནི། ཡར་གྱི་རྭ་གསུམ་གྱི་སྐུ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་མཚོན་བྱེད་དང་། མར་གྱི་རྭ་གསུམ་གྱི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་མཚོན།གཞན་ཡང་རྩེ་ལྔ་པའི་ཡར་གྱི་རྭ་ལྔ་རྒྱལ་བ་རིགས་ལྔ་དང་མར་གྱི་རྭ་ལྔ་ཡུམ་ལྔ། རྩེ་དགུ་པའི་ཡར་གྱི་ཕྱོགས་བཞིའི་རྭ་བཞི་མི་བསྐྱོད་པ་སོགས་རྒྱལ་བ་རིགས་བཞི་དང་། མཚམས་ཀྱི་རྭ་བཞི་ཡུམ་བཞི། རྩེ་མོ་རྣམ་སྣང་། འོག་རྭ་དགུ་ཡེ་ཤེས་ལྔ་དང་ཚད་མེད་བཞི། རྩེ་མོ་ཆོས་དབྱིངས་བདེ་བ་ཆེན་པོའི་མཚོན་བྱེད་དང་། པད་འདབ་སྟེང་མ་བརྒྱད་ཉེ་སྲས་བརྒྱད་དང་། འོག་མ་བརྒྱད་མཆོད་པའི་ལྷ་མོ་སེམས་མ་བརྒྱད། རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་སྲིད་པའི་སྡུག་བསྔལ་ལས་འདྲེན་པ་དང་། ཟླ་བའི་འཁོར་བའི་ཚ་གདུང་སེལ། ལྟོ་བ་ཟླུམ་པོ་ཆོས་ཀྱི་དབྱིངས། ཡར་མར་གྱི་མུ་ཏིག་གི་ཕྲེང་བ་འཁོར་འདས་རིག་པའི་རྒྱན་དུ་རོལ་བའི་བརྡ་མཚོན་བྱེད་ཡིན་པར་གསུངས་ཏེ། གསང་འདུས་ལས། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྡོ་རྗེ་དོན་ཡོད་གསུམ་འདྲར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །རྡོ་རྗེ་དོན་ཡོད་འདྲ་བའི་འོད། །དེ་ནི་དཔལ་ལྡན་ཡེ་ཤེས་མཚོ། །སེམས་ཅན་ཀུན་དོན་འབྱུང་བར་འགྱུར། །ཞེས་སོགས་རྒྱུད་དག་ལས་དེ་ལྟར་གསུངས་པ་མཐའ་ཡས་པས་སོ། །

  བཞི་པ་སྔ་འགྱུར་ཕུར་པའི་ལུགས་ལ་ནི་རྩེ་ལྔའི་ཡར་གྱི་རྭ་ལྔ་སྲས་མཆོག་ལྔ་དང་། མར་རྩེ་གསང་ཆེན་བདེ་བ་ཆེན་པོའི་དཀྱིལ་འཁོར། ལྟེ་བ་དཔལ་ཆེན་རྡོ་རྗེ་གཞོན་ནུ། སྟེང་འོག་གི་འབུར་དང་པདྨ་བརྒྱད་ཁྲོ་བོ་བཅུ་སྟེ་དཔའ་བོ་ཕོ་རྒྱུད་ཀྱི་ལྷའི་མཚོན་བྱེད་དུ་བཤད་དེ། ཕུར་པ་གསང་རྒྱུད་ལས། ལྟེ་བ་དཔལ་ཆེན་འབར་བ་ཉིད། །ཡར་གྱི་རྩེ་ལྔ་སྲས་མཆོག་ལྔ། །མར་རྩེ་གསང་བའི་མཚན་ཉིད་དོ། །ཡར་འབུར་མར་འབུར་སྟེང་འོག་དང་། །པདྨ་བརྒྱད་ལ་ཁྲོ་བོ་བཅུ། །ཧཱུ་ཡེ་ཤེས་འབར་བའི་རྡོ་རྗེ་འདི། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །ཞེས་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་ཀྱི་རྣམ་བཤད་ལས་བཏུས་སོ། །

  • 顶 0