རྔ།

2018-12-06
0

 

   དེ་ཡང་རྔ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཆོས་འཇིག་རྟེན་གྱི་སྒྱུ་རྩལ་ཐད་གལ་ཆེའི་གནས་བབ་བཟུང་ཡོད་པའི་རོལ་ཆ་ཞིག་ཡིན་ལ། ཆོས་ལུགས་ཀྱི་གར་འཆམ་དང་། དམངས་ཁྲོད་ཀྱི་བྲོ་ཤོན་སོགས་ནི་རྔ་དང་འབྲེལ་བ་དམ་ཟབ་མཆིས་པས། དམངས་ཁྲོད་ངག་རྒྱུན་དུ་ཡང་རྔ་རོལ་ལ་བསྟེན་ནས་འཆམ་ཞེས་ཤོད་རྒྱུན་ཆགས་ཡོད།

  བོད་ལ་རྔ་ནི་དུས་ནམ་ཞིག་ལ་བྱུང་ངམ་ཞེ་ན། ད་ནས་བཟུང་བརྩིས་པའི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ཡོད་ཅེས་ཁ་ཚོན་གཅོད་ཆོག་སྟེ། གཤེན་རབ་མི་བོ་ཆེའི་མཛད་མདོ་སོགས་བོན་གྱི་གླེག་བམ་ནང་ལ་ནི་རྔ་རྡུང་ངོ་ཞེས་ལན་མང་བཀོད་ཡོད་པར་མ་ཟད། ཅིན་རྒྱལ་རབས་ཕྱི་མའི་གོང་མ་ཙུའུ་ཡི་ཐེན་ཧྥུའུ་ཁྲི་ལོ་དྲུག་པ་སྤྱི་ལོ945ལ་ཡོངས་སུ་གྲུབ་པའི་རྒྱའི་ཡིག་ཚང«ཐང་ཡིག་རྙིང་མ»ལས་བོད་ཆེན་པོའི་སྲིད་ལུགས་སྐོར་བརྗོད་སྐབས་རྩེད་མོར་ཤོ་དང་མིག་མངས་རྩེ། རོལ་མོ་ནི་དུང་འབུད་རྔ་བརྡུང་ཞེས་བྱུང་བ་དང་། «པདྨ་བཀའ་ཐང»ལས་ཀྱང་། རྒྱལ་བོའི་མངའ་འོག་བློན་པོ་ཐམས་ཅད་བསྡུས། །ཁམས་གསུམ་ན་གར་བོན་བོན་པོའི་གྲལ་བྱས་ནས། །བོན་པོའི་སྐྲ་བསྒོར་ཕ་ཇོའི་མིང་དུ་བཏགས། །མགོ་ལ་ཝ་ཞྭ་ལག་པར་ཕྱེད་རྔ་གཏད། །ཞེས་བྱུང་བ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ནས་བོན་པོ་རྣམས་ལ་རྔ་ཕྱེད་སྦུག་ཕྱེད་ཅེས་འབོད་སྲོལ་ཆགས་ཤིང་། བོན་གྱི་ཆོ་ག་ལ་རོལ་སྐབས་རྔ་ཕྱེད་དེ་ངོས་གཅིག་ལ་རྔ་ལྤགས་གཡོགས་ཤིང་། ཅིག་ཤོས་ལ་རྔ་ལྤགས་མེད་པ་ཞིག་དང་། སྦུག་ཕྱེད་ཅེས་སྦུག་ཡ་གཅིག་ལས་མེད་པ་ལྕེ་དང་ལྡན་པ་གཤང་ལང་ཞེས་པ་དེ་གཉིས་སྤྱོད་པའི་ཚུལ་ལས་ཀྱང་རྔ་ནི་དུས་དེ་ཙམ་ཞིག་ལ་དར་བ་ཡིན་པ་ཤེས་ཐུབ།

  ཕྱིས་ལོ་རྒྱུས་འཕེལ་རིམ་ལ་བརྟེན་ནས་རྔ་ལ་ཡང་ནང་གསེས་རིགས་མང་དུ་བྱུང་པ་སྟེ། རྫ་རྔ་དང་། མཁར་རྔ་། རྔ་ཟླུམ། རྔ་ཕྲན། རྔ་བོ་ཆེ་ལ་སོགས་པའོ། །དེ་ཡང་མཁར་རྔ་ནི་བཟོ་རྒྱུའི་སྒོ་ནས་བཏགས་པའི་མིང་ཡིན་ལ། རྔ་ཟླུམ་དང་རྔ་ཕྲན་རྫ་རྔ་སོགས་ནི་དབྱིབས་ཀྱི་སྒོ་ནས་བཏགས་པའི་མིང་ཡིན་ནོ། །གཞན་ཡང་སྤྱོད་ཁོངས་ཀྱི་སྒོ་ནས་བཏགས་པ་ནི་ཁྲིམས་རྔ་དང་མཆོད་རྔ་སོགས་ཀྱང་ཡོད་དོ། །

  རྔ་སོ་སོའི་ཁྱད་ཆོས་མི་འདྲ་བའི་དབང་གིས་སྤྱོད་ཁོངས་ཀྱང་ཐ་དད་ཡིན་ལ། རྔ་གང་ཞིག་བརྡུང་ཡང་ཤེས་དགོས་པའི་གནད་དམ་པ་ནི། སློབ་དཔོན་ཙན་དྲ་གོ་མིས། རྔ་གཡོག་རྔ་ལ་རེག་མ་ཐག །ཕྲལ་ནས་ཐ་དད་ཉིད་དུ་བྱ། །སྐད་ཅིག་ཙམ་ལ་མི་སྦྱོར་བ། །སོ་སོར་འབྱེད་པ་མཁས་པའི་ལུགས། །ཞེས་དང་། «རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ»ལས་ཀྱང་། བརྡུང་མ་ཐག་ཏུ་རྔ་གཡོག་ནི། །རྔ་ལ་སྦྱོར་བ་མི་བྱའོ། །འདི་ནི་གནད་ཀྱི་དོན་ཡིན་ནོ། །ཞེས་གསུངས་པ་ལྟར། དེ་བཞིན་ས་པཎ་གྱི་ཞལ་ནས། རྔ་ལ་དབྱུག་གུས་མ་བསྣུན་པར། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་གསུངས་པ་ལྟར་རྔ་ཞིག་ཡིན་ན་དབྱུ་གུས་མ་བསྣུན་པར་སྐད་འབྱུང་མི་ནུས་ལ། དབྱུ་གུའམ། རྔ་ཡབ་བམ། རྔ་གཡོག་གམ། རྔ་ལྕག་གམ། རྔ་ལྡིང་རྔ་ལྤགས་སྟེང་དུ་བསྣུན་ཚེ་དེ་མ་ཐག་ཏུ་རྔ་སྐད་འབྱིན་ལ། རྔ་སྒྲ་ཇི་ལྟར་ཐོན་མིན་ནི་བརྡུང་ཚུལ་ལ་མཁས་པ་ཡིན་མིན་ལ་རག་ལས། རྔ་བ་ཞིག་ཡིན་ཚེ་ཐོག་མར་རྔ་ཡི་སྐད་གནས་ལ་བྱང་བར་སློབ་དགོས་ལ། བརྡུང་པའི་ཚེ་ན་ཡང་རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུག །རི་རབ་གླིང་བཞིའི་མཐའ་མི་སྐོར། །རི་སྤང་མཚམས་ཀྱི་བྲག་མི་བཤག །རི་དྭགས་རྒྱལ་པོའི་གདོང་མི་བསྣུན། །ཞེས་པ་ལྟར་མཐའ་དང་དཀྱིལ་གཉིས་སུ་མ་ཡིན་པར་སུམ་ཉིས་ཡར་ཕུད་པའི་སར་བསྣུན་ཚེ་སྐད་ལེགས་པར་ཐོན་ལ། ལག་པས་ཤུགས་གང་ཡོད་ཀྱིས་བརྡུང་ན་སྒྲ་ཕྱིར་འགྱེད་ཀྱི་སྒྲ་རླབས་ལ་གནོད་སྐྱོན་ཡོད་པས་རྔ་གཡོག་ཀྱང་འཕྲུལ་ཡང་ལྷོད་གསུམ་གྱི་སྒོ་ནས་བརྡུང་ཚེ་སྐད་གསང་ཞིང་ཁྱབ་འགྱེད་ཆེ་ལ་སྙན་པ་ཞིག་ཀྱང་འབྱུང་བ་ཡིན།

  དེ་ལྟར་བརྡུང་བྱའི་གནས་དང་གནས་མིན་གྱི་རྣམ་དབྱེ་ལེགས་པར་ཤེས་རྗེས། ཆོས་དང་འཇིག་རྟེན་གང་དུ་འདུག་ཀྱང་སོ་སོའི་སྐབས་དང་བསྟུན་ཏེ་བརྡུང་དགོས་པ་ཡིན་ཏེ། ཆོས་ཕྱོགས་ནས་བཤད་ན། སློབ་དཔོན་ཙན་དྲ་གོ་མིས། ཞི་བའི་རྔ་རྡུང་བྱེད་པ་ན། །དེ་ཡི་ཉམས་དང་ལྡན་པར་བྱ། །རྔ་ཐབས་དལ་ལ་ལྷོད་པར་རྡུང་། །རྒྱས་པའི་རྔ་རྡུང་བྱེད་པ་ན། །སྒེག་ཅིང་དཔའ་བའི་ཉམས་ཀྱི་བྱ། །རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང་། ། དབང་གི་རྔ་རྡུང་བྱེད་པ་ན། །ཆགས་ཤིང་མཛེས་པའི་ཉམས་ཀྱིས་བྱ། ། རྔ་ཐབས་སྙན་ལ་འཇེབས་པར་བརྡུང་། །དྲག་པོའི་རྔ་རྡུང་བྱེད་པ་ན། །རྩུབ་ཅིང་ཁྲོ་བའི་ཉམས་ཀྱིས་བྱ། །རྔ་ཐབས་དྲག་ལ་མྱུར་བར་བརྡུང་། །དྲག་བརྡུང་རྒྱུན་ཆགས་བྱེད་པ་ན། །གནམ་ལྕག་ལྟར་ཡང་དབབ་པར་བྱ། །ཞེས་པ་ལས་བཞི་དང་ཇི་ལྟར་བསྟུན་ལུགས་སྐོར་གསུངས་ཤིང་། གཞན་གར་འཆམ་གྱི་སྐབས་སུའང་གོང་གསལ་ལས་བཞི་དང་བསྟུན་དགོས་པ་སྨོས་མེད་ཐོག  སྐབས་བབས་སྟངས་སྟབས་དང་བསྟུན་ཏེ་གཅིག་བརྡུང་དང་། ཉིས་བརྡུང་། སུམ་བརྡུང་སོགས་རོལ་ཚིག་གི་གཞུང་ལུགས་སུ་ཡོད་པ་ལྟར་གང་ལ་དེ་འཚམ་གྱིས་བརྡུང་དགོས་ལ། དེ་ཡང་སྨྱོན་སྤྱོད་དང་ཐོ་ཅོའི་སྒོ་ནས་མ་ཡིན་པར། རོལ་དཔོན་ནམ་རྔ་དཔོན་སོགས་གཙོ་བོ་རྣམས་ཀྱི་རྗེས་སུ་འབྲངས་དགོས་པ་ནི་ཤེས་དགོས་པ་ཡིན་ནོ། །དེ་བཞིན་འཇིག་རྟེན་པའི་རྔའི་བྲོ་སོགས་སྐབས་སུའང་རང་རང་སོ་སོའི་ཁྱད་ཆོས་དང་བསྟུན་ཏེ་ལུགས་དང་མཐུན་པར་བརྡུང་དགོས་པ་ལས། རང་དགར་ཐོ་ཅོའི་སྒོ་ནས་བརྡུང་པ་དང་། བྲོ་དཔོན་ནམ་རྔ་དཔོན་གཙོ་བོ་རྣམས་ལ་མི་བསྟུན་པའི་རིགས་ནམ་ཡང་བྱེད་མི་རུང་། མདོར་ན་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་རྔ་སོ་སོ་ལ་རང་རང་གི་ཁྱད་ཆོས་ངེས་ཅན་རེ་ཡོད་པ་དཔེར་ན། མཆོད་རྔ་ནི་མཆོད་པའི་སྐབས་བེད་སྤྱོད་པ་དང་། མཁར་རྔ་དང་རྫ་རྔ་ནི་དགོན་པ་ལ་ལར་གར་འཆམ་སྐབས་སེར་སྦྲེངས་ཀྱི་ནང་དུ་བསྒྲིགས་པ། རྔ་བོ་ཆེ་ནི་དགེ་འདུན་འདུས་ཚོགས་ཆེན་མོ་དང་ཁྲིམས་ལུགས་ཁྱབ་བསྒྲགས། ཕོ་བྲང་ཆེན་མོའི་ཕྱི་སྒོ་འབྱེད་གཅོད། མཚུར་ཕུ་དབྱར་འཆམ་ཆེན་མོ་སོགས་སུ་རོལ་མོ་ཁང་གི་གཡས་གཡོན་ནས་བརྡུང་བ། རྔ་ཕྲན་ནི་གར་སོགས་འཁྲབ་སྐབས་ལག་ཏུ་འཁྱེར་བ། སྐེད་རྔ་ནི་ཀོང་བྲོ་སོགས་འཁྲབ་སྐབས་སྐེད་པར་བཏགས་ཏེ་བརྡུང་བ། མདོ་མདར་མ་ནི་མཆོད་སྤྲིན་གར་རོལ་སོགས་ཀྱི་སྐབས་སུ་བརྡུང་པ་སོགས་མང་པས་ཞིབ་ཏུ་ནི་ལག་ལེན་དངོས་ལས་ཤེས་པར་བྱའོ། །

 

 

  

  • 顶 0