གདོང་དར།

2017-12-01

  གདོང་དར་ནི་གསུང་རབ་དག་གི་ནང་དོན་ཤིན་ཏུ་བསྡུས་པའི་སྒོ་ནས་བྲིས་ཏེ་ལྟ་ཀློག་བདག་གཉེར་བྱེད་སླ་བའི་ཆེད་དུ་དབུ་ཤོག་དང་ལྷན་དུ་སྦྱར་བའི་གོས་དར་ཅིག་ཡིན་ལ། སྒྲིལ་ཆས་གཞན་དང་བསྡུར་ན་ཅུང་ཟད་ཞིག་ཕྱིས་ནས་དར་བར་མངོན། གསུང་རབ་དེ་དག་ཀུན་དགའ་ར་བའི་ནང་དུ་གྲལ་ལ་མངའ་བ་བཞིན་འཇོག་སྐབས། གསུང་རབ་དེ་དག་གི་ནང་དོན་གང་ཞིག་ཡིན་པ་དེ་དག་གདོང་དར་གྱི་སྟེང་དུ་ཤིན་ཏུ་བསྡུས་པའི་སྒོ་ནས་བྲིས་ཏེ་ཀ་མད་ལ་གོ་རིམ་བཅོལ་ཏེ་ཀུན་དགའ་ར་བར་བསྒྲིགས་ཏེ་ལྟ་ཀློག་དང་བདག་གཉེར་སླ་བའི་ཆེད་དུ་ཡིན།

  གསུང་རབ་ཀྱི་སྒྲིལ་ཆས་སུ་ཚུད་པའི་གདོང་དར་དེ་ནི་དུས་རབས་སྔ་མོ་ཞིག་ནས་བྱུང་ཡོད་བཟོ་མི་སྣང་། སྔོན་གྱི་གདོང་དར་ཡིན་ན་གསུང་རབ་དེའི་དབུ་ཤོག་དང་ལྷན་ཅིག་ཏུ་སྦྱར་ནས་འདུག ས་སྐྱ་བྱང་དགོན་ཉམས་གསོ་བྱེད་སྐབས་ས་སྐྱ་དགོན་གྱི་དཔེ་མཛོད་ཆེན་པོ་གསུམ་དུ་གྲགས་པའི་ཡ་གྱལ་སྒོ་རུམ་དཔེ་མཛོད་ཁང་ནས་ཐོན་པར་གྲགས་པའི་གསུང་རབ་ཁག་ཅིག་ལ་སྔོན་གྱི་གདོང་དར་གང་ཡིན་པ་དེ་དག་གཞན་གྱིས་བཟོ་བཅོས་མེད་པར་སྔར་བཞིན་སྣང་། དེ་དག་གསུང་རབ་ཀྱི་དབུ་ཤོག་དང་ལྷན་ཅིག་ཏུ་འབྲེལ་འདུག་ལ་ད་དུང་ཀ་མད་ཀྱི་པོད་གྲངས་བཟུང་བའི་ཚབ་ཏུ་གདོང་དར་གྱི་སྟེང་དུ་ཕར་ཆིན་བཏབ་པའི་བྱ་ཁྲུང་ཁྲུང་དཀར་པོ་བརྒྱབ་སྟེ་པོད་གྲངས་ཟིན་པའང་འདུག  གདོང་དར་ནི་སྒྲིལ་ཆས་གཞན་དང་བསྡུར་ན་ཅུང་ཟད་ཞིག་ཕྱིས་ནས་དར་བར་མངོན། གང་ཡིན་ཟེར་ན། ད་ལྟ་ང་ཚོས་མཇལ་ཡུལ་དུ་མཆིས་པའི་གསུང་རབ་མང་པོ་ཞིག་སྔོན་གྱི་མཆོད་རྟེན་དང་ས་འོག་ནས་ཐོན་པ་ཞིག་རེད་འདུག གསུང་རབ་དེ་དག་ལ་སྐུ་རགས་ཕུད་པའི་དྲིལ་ཆས་གཞན་ཡོད་པའི་སྒྲོས་མི་སྣང་། དེ་སྔ་རྭ་ལུང་དགོན་པའི་འདུ་ཁང་གི་རྩིག་ཁུག་ཞིག་ཏུ་དཔེ་རྙིང་མང་པོ་ཞིག་ལུད་ལྟར་སྤུངས་འདུག  དེ་དག་ཅུང་ཟད་ཞིག་གོ་རིམ་བསྒྲིགས་སྐབས་དགོན་དེའི་འགན་ཁུར་མཁན་སྐུ་ཞབས་ལགས་དང་བཀའ་མོལ་བྱུང་བ་ལྟར་ན། དཔེ་རྙིང་དེ་དག་ནི་རྭ་ལུང་དགོན་དང་ཐག་མི་རིང་བའི་སར་བཀྲ་ཤིས་སྒོ་མང་མཆོད་རྟེན་ཞིག་འདུག་པ། དེའི་ནང་ནས་ཐོན་པའི་དཔེ་རྙིང་ཞིག་རེད་ཅེས་གསུངས་ཀྱི་འདུག དཔེ་རྙིང་དེ་དག་བསྒྲིགས་སྐབས་སུ་དཔེ་རྙིང་དེ་དག་ལ་དྲིལ་ཆས་སོགས་ཡོད་མེད་ཀྱི་བཀའ་དྲི་ཞུས་པས་ཁོང་ཚོས་དཔེ་རྙིང་དེ་དག་མཆོད་རྟེན་གྱི་ནང་ནས་ཐོན་དུས་པོ་ཏི་སོ་སོ་རྒྱུན་བུས་བསྡམས་ཡོད་པ་ཙམ་ལས་དེ་དག་ལ་སྒྲིལ་ཆས་གཞན་ཡོད་པའི་གསུང་སྒྲོས་མི་གདའ་བ་དེ་དང་གཅིག ད་དུང་སྤྱི་ལོ༢༠༡༡ལོར་མངའ་རིས་ས་ཁུལ་དུ་གནའ་དཔེ་ཡོངས་བཤེར་གྱི་སྐབས་སྤུ་ཧྲེང་རྫོང་འཁོར་ཆགས་དགོན་པའི་ནང་དུ་བཞུགས་པའི་དཔེ་རྙིང་དེ་དག་ཀྱང་ཐོག་མར་གྱང་གོག་གི་འོག་ནས་ཐོན་སྐབས་སྒྲིལ་ཆས་སོགས་གང་ཡང་མི་སྣང་ཞེས་པ་སོགས་ལས་བོད་ཀྱི་གསུང་རབ་ལ་དུས་རབས༡༠པའི་ནང་དུ་གདོང་དར་བསྒྲོན་པའི་སྲོལ་དེ་བྱུང་།

  བོད་ཀྱི་གསུང་རབ་ལ་གདོང་དར་བསྒྲོན་སྲོལ་བྱུང་བ་དེ་ལས་ང་ཚོས་ཤུགས་ལ་གནས་ཚུལ་གཞན་ཞིག་རྟོགས་ཐུབ་པ་ནི་བོད་ཀྱི་ཡུལ་ལུང་ཁག་ཏུ་གསུང་རབ་ཧ་ཅང་གིས་འབོར་ཆེན་པོ་ཞིག་བྱུང་ཟིན་པ་དེ་ཤེས། གསུང་རབ་དེ་དག་ལ་དྲིལ་ཆས་གཞན་རྣམས་བསྒྲོན་ནས་ཀུན་དགའ་ར་བའི་ནང་དུ་གྲལ་ལ་མངའ་བ་བཞིན་འཇོག་སྐབས།གསུང་རབ་དེ་དག་གི་ནང་དོན་གང་ཞིག་ཡིན་པ་དེ་དག་གདོང་དར་གྱི་སྟེང་དུ་ཤིན་ཏུ་བསྡུས་པའི་སྒོ་ནས་བྲིས་ཏེ་ཀ་མད་ལ་གོ་རིམ་བཅོལ་ཏེ་ཀུན་དགའ་ར་བར་བསྒྲིགས་ཏེ་ལྟ་ཀློག་དང་བདག་གཉེར་སླ་བའི་ཆེད་དུ་ཡིན། དེ་བཞིན་དུ་གསུང་རབ་དེ་འབྲི་བཞེངས་གནང་སྐབས་སྦྱིན་བདག་གི་འཁོས་འབྱོར་ལ་གཞིགས་པའི་གསུང་རབ་དེ་དག་ལ་གདོང་དར་རབ་འབྲིང་ཐ་གསུམ་སྟེ་གདོང་དར་ལྔ་བརྩེགས་ནས་ལན་གཅིག་མའི་བར་དུ་བསྒྲོན་སྲོལ་བྱུང་ཡོད་པ་སྟེ། ལྔ་པ་ཆེན་པོའི་དགོངས་པ་རྫོགས་སུ་བཞེངས་པའི་བཀའ་འགྱུར་ཁག་གི་གདོང་དར་ཏེ་སྤྱི་ལོ༡༦༨༣ལོ་སྟེ་ཆུ་ཕག་ལོར་ཤར་འོལ་དགའ་སྟག་རྩེར་རྒྱལ་བའི་བཀའ་འགྱུར་བཞེངས་པ་དེ་དག་གི་གདོང་དར་བཞི་བརྩེགས་ཀྱི་སྟེང་ནས་རིམ་པས་དིང་ཕོན་དམར་ཁྲ་ཚོན་སྣ་ཚོགས་གསེར་མ་ནང་ཤ་ལིང་ལྗང་། གོས་སྐྱེར་འཇམ་སེང་ནང་ཤ་བྱང་དར་སྔོན་པོ། གོས་དམར་འཇམ་སང་ཐོག་དར་སྐུད་དམར་པོའི་ཕར་ཆིན་གྱི་ཀ་ཐོ་མཚན་བྱང་ནང་ཤ་ལིང་སྐྱེར། ཀ་རས་སྒོང་ཤུན་མར་སོ་སོའི་བཞུགས་བྱང་འཁོད་པ། ཞལ་ཁེབས་གདོང་དར་རྣམས་ལ་ཚོན་སྤེལ་གྱི་མཐའ་བཅད་སྟོང་སྐུད། སྤྱི་ལོ༡༦༨༤ལོ་སྟེ་ཤིང་བྱི་ལོར་ཡར་གསུམ་ལྷུན་པོ་རྩེའི་ཉེ་འདབས་བཟད་མཐོང་སྨོན་གཞིས་ཀར་བཞེངས་པའི་བཀའ་འགྱུར་གྱི་གདོང་དར་བཞི་བརྩེགས་ཀྱི་སྟེང་ནས་རིམ་པས་ཁ་ཐི་གཞི་ལྗང་ཚོན་ཁྲ་གསེར་མེད་ལྕགས་སྒྲོག་སྒོ་ཁྱིམ་འབྲུག་ཚང་ཉལ་ཅན་ནང་ཤིང་ལིང་ལྗང་། བཟང་གོས་དམར་པོ་འཇམ་སང་ནང་ཤ་ལིང་དམར། བཟང་གོས་སྐྱེར་ཁ་འཇམ་སང་ཐོག་སྟོང་སྐུད་དམར་པོའི་ཕར་ཆིན་གྱི་ཀ་ཐོ་མཚན་བྱང་ཡོད་པའི་ནང་ཤ་ལིང་སྐྱེར། ཀ་ཅི་སྒོང་ཤུན་མར་ཆོས་ཚན་བཞུགས་བྱང་འཁོད་པ། ཞལ་ཁེབས་གདོང་དར་ཚང་མར་ཚོན་སྤེལ་གྱི་མཐའ་བཅད་སྐུད་རྟ། ཤིང་གླང་ཤར་འོལ་དགའ་སྟག་རྩེར་བཀའ་འགྱུར་བཞེངས་པ་ལ་གདོང་དར་ལྔ་བརྩེགས་ཀྱི་སྟེང་ནས་རིམ་པས་ཁ་ཐི་ལྗང་གསེར་མེད་དང་། གོས་དམར་ལྗང་སང་བཅས་པའི་ནང་ཤ་ལིང་ལྗང་། གོས་སྐྱེར་འཇམ་སང་ནང་ཤ་ལིང་དམར། གོས་སྔོན་འཇམ་སང་ཐོག་སྟོང་སྐུད་གསེར་པོའི་ཕར་ཆིན་གྱི་ཀ་ཐོ་མཚན་བྱང་ཡོད་པ་ནང་ཤ་དར་སྔོ་སྐྱ། ཀ་ཅི་སྒོང་ཤུན་མར་ཇོ་ཙེའི་མེ་ཏོག་ལྡུལ་བརྩེགས་བྲིས་ཐོག་ཆོས་ཚན་བཞུགས་བྱང་ཡོད་པ། ཞལ་ཁེབས་གདོང་དར་གྱི་མཐའ་བཅད་སྟེང་སྐུད་ཚོན་སྤེལ་གྱི་སྐུད་རྟ། སྤྱི་ལོ༡༦༨༩ལོ་སྟེ་ས་སྤྲེལ་འཕྱོང་རྒྱས་འཕྱིང་དབར་སྟག་རྩེར་བཞེངས་པའི་བཀའ་འགྱུར་གྱི་གདོང་དར་ལྔ་བརྩེགས་ཀྱི་སྟེང་ནས་རིམ་པས་ཁ་ཐི་རྙིང་མ་གཞི་ལྗང་ལྕགས་སྒྲོག་ཆ་བདུན་རས་གཞི་མི་འགྲེང་ཐོར་བུ་ཡོད་པའི་ལྗང་ལིང་གི་ནང་ལྡན། གོས་དམར་འཇམ་སང་ལིང་ལུའི་ནང་ལྡན། གོས་སྐྱེར་འཇམ་སང་ལིང་ཟི་ཧུན་གྱི་ནང་ལྡན། གོས་སྔོན་འཇམ་སང་ཐོག་སྟོང་སྐུད་གསེར་པོའི་ཕར་ཕྱིན་གྱི་ཀ་ཐོ་མཚན་བྱང་དང་འཁོད་པའི་ལིང་སྔོན་གྱི་ནང་ལྡན། ཀ་ཅི་སྒོང་ཤུན་མར་བཞུགས་བྱང་འཁོད་པ། སྤྱི་ལོ༡༦༨༢ལོ་སྟེ་ཆུ་ཁྱི་ལོར་ཚྭ་བ་མཛོ་སྒང་དུ་བཀའ་འགྱུར་སྐྱ་པོད་བཞེངས་པར་གདོང་དར་གསུམ་བརྩེགས་ཀྱི་ནང་རིམ་པས་ཁ་ཐི་རྙིང་པ་གཞི་དམར་གསེར་དང་ནང་ཤ་ཀ་རས། གོས་སྔོན་འཇམ་སང་ཐོག་སྟོང་སྐུད་གསེར་པོའི་འཕར་ཆིན་ཀ་ཐོ་མཚན་བྱང་ཡོད་པའི་ནང་ཤ་ཀ་རས་སྟོང་སྐུད་དཀར་དམར་གྱི་མཐའ་བཅད། ཀ་རས་ཐོག་ཆོས་ཚན་བཞུགས་བྱང་འཁོད་པ། སྤྱི་ལོ༡༦༨༣ལོ་སྟེ་ཆུ་ཕག་ལོར་ཤེར་དཀར་མི་འགྱུར་རྡོ་རྗེ་རྫོང་དུ་བཀའ་འགྱུར་བཞེངས་པར་གདོང་དར་གསུམ་བརྩེགས་ཀྱི་སྟེང་ལ་ཁ་ཐི་གཞི་དམར་ནང་ཤ་བྱང་དར་ལུ་ཧང་། དེ་འོག་གོས་སྐྱེར་འཇམ་སང་ཐོག་སྟོང་སྐུད་དམར་པོའི་ཀ་ཐོ་མཚན་བྱང་ཡོད་པ་ནང་ཤ་སྨན་རྙིང་། དེ་འོག་ཀ་རས་སྒོང་ཤུན་མར་ཆོས་ཚན་བཞུགས་བྱང་འཁོད་པ་ཞེས་པ་སོགས་ལས་ང་ཚོས་བོད་ཀྱི་གསུང་རབ་ལ་གདོང་དར་རབ་འབྲིང་ཐ་གསུམ་ཡོད་པའང་གཅིག་ཤེས་ཀུན་གྲོལ་ཐུབ་བོ།།

<