ཆོས་ཀྱི་རྩ་བ་ནི་སྙིང་རྗེ་ཡིན།

2017-08-01

  

༄༅།། ཆོས་ཀྱི་རྩ་བ་སྙིང་རྗེ་ཡིན་པར་སྟོན་པས་གསུངས་ཀྱང་དེ་གལ་ཆེ་བའི་རང་བཞིན་མ་ཤེས་ན། དམ་པའི་ཆོས་ཀྱི་མཛད་འཕྲིན་མ་ཟད་འཇིག་རྟེན་བྱ་བ་ཕྲན་ཚེགས་ཤིག་ཀྱང་ལེགས་འགྲུབ་འབྱུང་དཀའ། ང་ཚོས་ཆོས་འཇིག་རྟེན་གྱི་བྱ་བ་གང་ཡིན་ཡང་སྙིང་རྗེ་ཐོག་མར་གལ་ཆེ་བ་ཁོ་ན་བསམས་ཀྱིན་ཡོད་པ་ལས། བྱ་བའི་བར་མཇུག་ཏུ་སྙིང་རྗེ་ཡི་ཆོས་སྐོར་ལ་དོ་སྣང་དེ་ཙམ་མི་འབྱུང་ལ། དེ་མ་བྱུང་བས་ཐོག་མར་སྙིང་རྗེས་ཆོས་སམ་འཇིག་རྟེན་གྱི་བྱ་བ་ཞིག་དཀའ་བ་ཆེན་པོས་མགོ་བརྩམས་ཡང་། བར་དུ་བརྩེ་བས་བདག་སྐྱོང་དང་སེམས་ཅན་གྱི་ལོག་སྒྲུབ་ལ་བཟོད་པའི་སྙིང་རྗེ་སྐྱེས་པ་མེད་པས་ཡིད་ཞུམ་ནས་ལྷག་བསམ་དང་སྤོབས་པ་ཉམས་པར་གྱུར་སྟེ་དོན་མཐའ་འཁྱོངས་པ་དཀའ། བར་དུ་སྙིང་རྗེ་ཆེན་པོས་དོན་དེ་ལེགས་པར་སྒྲུབ་ཡང་མཇུག་ཏུའང་སྙིང་རྗེ་མེད་ན། དོན་དེ་ལེགས་འགྲུབ་བྱུང་ཡང་རྐྱེན་སྣ་ཚོགས་ཀྱིས་ཡལ་བར་བོར་བའམ་ཆུད་ཟོས་དང་ལེ་ལོ་སོགས་ཀྱིས་སེམས་ཅན་ལ་ཕན་པའི་འབྲས་བུ་མངོན་མི་ཐུབ། དེ་བས་སྙིང་རྗེ་ནི་ཐོག་མཐའ་བར་གསུམ་དུ་གལ་ཆེ་བས་ཆོས་དང་འཇིག་རྟེན་བྱ་བའི་ལམ་གྱི་རྩ་བ་སྟེ། དཔལ་ལྡན་ཟླ་བ་གྲགས་པས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིས།། ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་བ།། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།། ཞེས་གསུངས་པ་སྤྱི་ཚོགས་འདིའི་སྐྱ་སེར་ཡོངས་ལ་གདམས་པའི་གནད་དུ་མཐོང་ངོ་།།

 

 

  

<